དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་འཇར་མན་དབར་གྱི་འབྲེལ་བར་ཡུན་རིང་དང་འཐབ་ཇུས་ཀྱི་ཐོག་ནས་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2024-04-20

    ཟླ་4ཚེས་16ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་ཧྲོར་ཚེ་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོས་ཡུན་རིང་དང་འཐབ་ཇུས་ཀྱི་ལྟ་ཕྱོགས་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་དགོས་ཤིང་། ལག་གདང་སྦྲེལ་ནས་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་མང་བ་བསྣན་ཏེ། དུས་བབ་གསར་པའི་འོག་ཀྲུང་འཇར་གྱི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པར་ཁ་ཕྱོགས་གསལ་པོ་སྟོན་དགོས་ཞེས་ནན་བཤད་གནང་བ་རེད།

    འདི་ལོ་ནི་ཀྲུང་འཇར་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ལོ་10ཡི་རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེ་ཡང་ཀྲུང་འཇར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་ཕྱིན་ཏེ། རྒྱལ་ཁབ་གཉིས་པོས་རང་རང་སོ་སོའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ནི་ཀྲུང་འཇར་འབྲེལ་བའི“དགོས་ངེས་ཀྱི་གདམ་ག”ཞིག་ཡིན་པ་ལོ་རྒྱུས་དང་དོན་དངོས་ནས་ར་འཕྲོད་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གཡོ་འགུལ་ཇི་ཙམ་ཆེ་ན་ཕྱོགས་གཉིས་པོས་དེ་ཙམ་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཉེན་ཆ་དང་གསོན་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱེད་དགོས་པ། ཀྲུང་འཇར་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ངེས་གནས་དེ་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཙུང་ལི་ཧྲོར་ཚེས་འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་ཁག་གི་ཕྱོགས་གཉིས་པོའི་སྐད་ཆ་ཤོད་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ། སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་འདོད་ཀྱང་ཡོད། ཕྱོགས་གཉིས་པོས་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ན། ཀྲུང་འཇར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

    ཀྲུང་འཇར་རྒྱལ་ཁབ་གཉིས་པོས་ཕ་རོལ་གྱི་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་པ་དང་འབྲེལ་དེའི་ཁྲོད་ནས་ཕན་པའང་ཐོབ་ཡོད། དངོས་སྒྲུབ་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་འཇར་གྱི་འབྲེལ་བའི“རྨང་གཞི”ཡིན་པ་སྟེ། འཕྲུལ་ཆས་བཟོ་སྐྲུན་དང་རླངས་འཁོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཡིན་ནའང་འདྲ། ཡང་ན་ལྗང་མདོག་ཕྱོགས་སྒྱུར་དང་། གྲངས་འཛིན་ཅན། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་གང་ཞིག་ཡིན་ནའང་འདྲ། གང་ལྟར་རྒྱལ་ཁབ་གཉིས་པོར་མཉམ་ལས་གཉིས་ཕན་གྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་སྔོག་འདོན་བྱེད་རྒྱུ་ཡོད། ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས་ཙུང་ལི་ཧྲོར་ཚེས་འཇར་མན་གྱི་ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་མཉམ་དུ་ཁྲུང་ཆིང་དང་ཧྲང་ཧའེ་སོགས་སུ་འཚམས་འདྲིར་ཕེབས་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་མྱོང་ཚོར་བྱུང་ལ་འཇར་མན་ཕྱོགས་ཀྱིས་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་ཡོད།

    ཀྲུང་འཇར་ཕྱོགས་གཉིས་པོས་ཁྲོམ་རའི་མིག་རྒྱང་དང་གོ་ལ་ཧྲིལ་པོའི་མཐོང་རྒྱར་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་ཆོས་ཉིད་ལ་གཞིགས་ནས་ཐོན་སྐྱེད་ནུས་པའི་གནད་དོན་ལ་དོན་དངོས་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ། མཉམ་ལས་ཀྱི་སྐོར་གྲོས་བསྡུར་མང་ཙམ་བཅས་བྱས་ན། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་ཕན་ཐོགས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་འཕར་ཤུགས་རྒྱུན་ཆད་མེད་པར་སྣོན་ཐུབ།

    ཀྲུང་འཇར་དབར་རྩ་བའི་ཁེ་ཕན་ཐད་ཀྱི་གདོང་ཐུག་མེད་པས་ཕན་ཚུན་གྱི་བདེ་འཇགས་ཐད་འཇིགས་སྣང་ཡོང་མི་སྲིད། ཀྲུང་འཇར་མཉམ་ལས་ནི་ཕྱོགས་གཉིས་པོར་ཕན་ཐོགས་ལ་འཛམ་གླིང་ལའང་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཏང་བའི་རྩ་ཆེའི་ཉམས་མྱོང་ལ་གཅེས་སྤྲས་དང་རྒྱུན་འཛིན་བྱས་ཏེ། བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས། ཀྲུང་འཇར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་དགོས་ལ་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕར་སྣོན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།