དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་ཡིས་ལས་རྣམ་གསར་པར་སྐུལ་འདེད་བཏང་བ།

    “ཁྱིམ་ལས་ཞབས་ཞུའི་དཔལ་འབྱོར”གྱིས་ཁྲོམ་ར་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-20

    ཉེ་ཆར། གསར་འགོད་པར་དྲ་ཐོག་ནས་གྲོང་ཁྱེར་མང་པོས“ཁྱིམ་དུ་ལྟོ་ཆས་བཟོ་བར་ཡོང་བའི”ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་མ་ཟད། མངགས་མཁན་གྱིས་རང་འདོད་ལྟར་ཚལ་འདེམས་ཆོག་པའམ་ཡང་ན་ཚལ་ཐོ་ནས་འདེམས་ཆོག་གི་ཡོད། བཟའ་བཅའི་རྒྱུ་ཆ་རང་གིས་མཁོ་འདོན་བྱེད་ཆོག་ལ་མ་བྱན་གྱིས་ཚབ་བྱས་ནས་ཉོའང་ཆོག་གི་ཡོད་པས། “ཁྱིམ་དུ་མ་བྱན་བྱེད་པར་འགྲོ་བའི”ཁྲོམ་རའི་དགོས་མཁོ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་།

    སྔོན་མངགས་བྱས་ཚེ“ཁྱིམ་དུ་ལྟོ་ཆས་བཟོ་བར་ཡོང་བའི”ཞབས་འདེགས་ཞུ་གི་ཡོད།

    ཉེ་ཆར། ཁྲེང་ཀོན་ཆུས་ཁ་བཏགས་གཙང་འགྲམ་མེ་ཏོག་ལྡུམ་རའི་ཤར་ཁུལ་དུ་ཡོད་པའི་གྲོང་མི་ཉི་དབྱངས་ཀྱིས“ཁྱིམ་དུ་ལྟོ་ཆས་བཟོ་བར་ཡོང་བའི”ཞབས་ཞུ་མངགས་ཡོད། “ཆུ་ཚོད་གཅིག་ཀྱང་མ་འགོར་བར་གསོལ་ཅོག་སྟེང་དུ་བྲོ་ཞིམ་ཚལ་སྣ་ཚོགས་ཀྱིས་ཁེངས་ཤིང་། ཁྱོན་སྒོར་300ཕྱིན་སོང་། ཕྱིར་ལྟོ་ཟ་བར་འགྲོ་བ་ལས་སྟབས་བདེ་བ་མ་ཟད། མངགས་ཉོ་བྱས་པ་ལས་གོང་ཁེ་ལ་བདེ་ཐང་ལྡན་པས་ཧ་ཅང་ཡག་པོ་འདུག”ཅེས་ཉི་དབྱངས་ཀྱིས་བཤད།

    རྔ་ཆེན་ཁྲོམ་གཞུང་ལྕགས་རོང་སྡེ་ཁུལ་གྱི་ཚོགས་ཆུང་ལྔ་པའི་གྲོང་མི་བདེ་སྐྱིད་ལའང་དེ་མཚུངས་ཀྱི་མྱོང་ཚོར་ཡོད། “ད་ཐེངས་ངས‘ཁྱིམ་དུ་ལྟོ་ཆས་བཟོ་བར་ཡོང་བའི’ཞབས་ཞུ་མངགས་ཐེངས་གསུམ་པ་ཡིན། མངགས་ཐེངས་དང་པོ་ན་ནིང་ཟླ་8པར་ཡིན”ཞེས་འདི་ལོ་ལོ་38ལ་སླེབས་པའི་བདེ་སྐྱིད་ཀྱིས་བཤད།

    སྟེས་དབང་གི་གོ་སྐབས་ཤིག་ལས་བདེ་སྐྱིད་ཀྱིས་དྲ་ཐོག་ནས་ལྷ་སའི“ཁྱིམ་དུ་ལྟོ་ཆས་བཟོ་བར་ཡོང་བའི”ཞབས་ཞུའི་འབྲེལ་ཡོད་ཆ་འཕྲིན་ཞིག་མཐོང་བ་དང་རིན་གོང་དམའ་བ་དང་ཁྲེང་ཀོན་ཆུས་ཁོངས་སུ་མངགས་ཆོག་པ་ཤེས་རྗེས་ཁོང་གིས་འབྲེལ་གཏུག་བྱས་ནས་དགོས་མཁོ་ཚང་མ་གསལ་པོ་བཤད་རྗེས་མ་བྱན་ཁ་ཆད་ལྟར་ཁྱིམ་དུ་ལྟོ་ཆས་བཟོ་བར་སླེབས།

    “མ་བྱན་གྱིས་ཆུ་ཚོད་གཅིག་ནང་ཤ་ཡོད་དང་ཤ་མེད་ཀྱི་ཚལ་སྣ་ཁ་བཞི་བཟོས་པ་མ་ཟད། ཐབ་ཚང་དུའང་གད་ཕྱིས་གཙང་མ་བྱས་སོང་། ང་ཚོ་ནང་མི་བཞིས་ཁ་ལག་ཟས་རྗེས་ཕོར་པ་མ་གཏོགས་འཁྲུ་དགོས་ཀྱི་མི་འདུག”ཅེས་བདེ་སྐྱིད་ཀྱིས་བཤད།

    ནང་ལ་མ་བྱན་ཡོང་ནས་ཞབས་འདེགས་ཞུ་བའི་ཁྲོམ་ར་སྔོག་འདོན་བྱེད་པ།

    “ན་ནིང་ཟླ་3པར་བསམ་ཚུལ་དེ་ལག་ལེན་དུ་བསྟར་བ་ཡིན། མིག་སྔའི་བར་སྤྱི་ཡོངས་ཀྱི་གདེང་འཇོག་ཡག་པོ་འདུག”ཅེས་ཞུང་ཀྲེང་ཅུན་གྱིས་བརྗོད་ཅིང་། ཁོང་ནི་བོད་ལྗོངས་ཀྲེང་ལེང་བཟའ་བཏུང་དོ་དམ་ཞབས་ཞུ་ཚད་ཡོད་ཀུང་སིའི་འགན་འཁུར་བ་རེད།

    ཞུང་ཀྲེང་ཅུན་གྱིས་དྲ་ཐོག་ནས་མི་ཁག་གཅིག་གིས“ཁྱིམ་དུ་ལྟོ་ཆས་བཟོ་བའི་ཞབས་ཞུའི་མྱོང་ཚོར་གླེང་བའི”བརྙན་ཐུང་ཞིག་མཐོང་བས། ཚོང་ལས་ཀྱི་གོ་སྐབས་ཡོད་པ་ཚོར་རྗེས་ཁོང་ལ་ལྷ་སར“ཁྱིམ་དུ་ལྟོ་ཆས་བཟོ་བར་ཡོང་བའི”ཞབས་ཞུ་མཁོ་འདོན་བྱེད་པའི་བསམ་ཚུལ་ཞིག་བྱུང་། དུས་འགོའི་ཁྲོམ་རར་བརྟག་ཞིབ་བྱས་པ་བརྒྱུད་གཞོན་ནུ་ཁག་གཅིག་གིས་དྲ་ཐོག་ལ“ཁྱིམ་དུ་ལྟོ་ཆས་བཟོ་བར་ཡོང་བའི”ཞབས་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་ཁོང་ཚོར་སྐབས་འགའ་མ་གཏོགས་བཟོ་ལོང་མེད་པས་ཚད་ལྡན་ཅན་གྱི་དོ་དམ་མི་འདང་བ་ཤེས་རྟོགས་བྱུང་བ་རེད།

    “ཁྱིམ་དུ་ལྟོ་ཆས་བཟོ་བར་ཡོང་མཁན”ཚོགས་པ་ཇི་ལྟར་འཛུགས་རྒྱུ་དེ་འགག་རྩ་ཞིག་ཏུ་གྱུར་ཡོད། ཞུང་ཀྲེང་ཅུན་གྱིས་ལོ་མང་རིང་མ་བྱན་བྱས་པའི་ཉམས་མྱོང་ལ་བརྟེན་ནས་གྲོགས་པོ་ལེང་ལུང་དང་མཉམ་དུ་མ་བྱན་གྱི་ལག་རྩལ་མཁས་པ་དང་། འགན་འཁྲི་འཁུར་སེམས་ཡོད་པ། གཙང་སྦྲ་དོད་ལ་བདེ་ལྕག་འཁྱུག་པའི“དགུ་བཅུ་ནང་སྐྱེས་ཀྱི་མ་བྱན་རུ་ཆེན”ཞིག་བཙུགས་པ་རེད། ཐོག་མའི་མི་2ནས་ད་ལྟའི་མི་12བར་ཟིན་པའི་ཞུང་ཀྲེང་ཅུན་གྱི་ཚོགས་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད་པ་དང་ལྟོ་ཆས་བཟོ་མཁན་གྱི་ཆ་སྙོམས་ལོ་ཚད་ལོ་28ཡིན་པ་རེད།

    ལས་རིགས་གསར་པར་དམིགས་ཏེ་འབྲེལ་ཡོད་ལམ་ལུགས་ཚད་ལྡན་དུ་གཏོང་དགོས།

    “ཁྱིམ་ལས་ཞབས་ཞུའི་དཔལ་འབྱོར”དབྱར་མཚོ་རྒྱས་པ་ལྟར་འཕེལ་བ་དང་དུས་མཚུངས“གནད་དོན་ཁག་གཅིག་ཀྱང་འཕྲད་སྲིད་དེ་ཕྱོགས་གཅིག་ནས་འཛད་སྤྱོད་པའི་ངོས་ནས་བརྗོད་ན“ཁྱིམ་ལས་ཞབས་ཞུའི་དཔལ་འབྱོར”གྱི་ཞབས་ཞུའི་སྤུས་ཚད་ཡག་ཉེས་དང་། རིན་པ་བསྡུ་ཚད་མི་འདྲ་བ། རྩོད་གཞི་ཐག་གཅོད་མི་ཐུབ་པ་སོགས་དངོས་ཡོད་ཀྱི་གནད་དོན་མང་པོ་ཞིག་འཕྲད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ལས་གཉེར་མཁན་གྱི་ངོས་ནས་བརྗོད་ན། ངལ་རྩོལ་ཁེ་དབང་ལ་འགན་སྲུང་ནུས་ལྡན་མེད་པ་དེ་ནི་དོན་དངོས་ནང་འཕྲད་པའི་དཀའ་གནད་ཆེ་ཤོས་ཤིག་ཡིན་པ་རེད།

    གནད་དོན་འདི་དག་གི་འབྱུང་རྩ་མཐར་གཏུགས་ནས་བཤད་ན་འབྲེལ་ཡོད་ཚད་གཞི་ཞིག་མེད་པས་རེད། འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་ལས་རིགས་ཀྱི་ཚད་གཞི་བཟོ་དགོས་པ་མ་ཟད། ལྟ་འདོམས་ཀྱི་ཞན་ཆ་སེལ་དགོས། དེ་དང་ཆབས་ཅིག“ཁྱིམ་ལས་ཞབས་ཞུའི་དཔལ་འབྱོར”གྱི་ལས་སྟེགས་དང་གཉེར་སྐྱོང་བྱེད་པོ་ཁག་ལ་ལམ་ལུགས་རང་བཞིན་གྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རིགས་རང་གཅུན་བྱེད་དུ་འཇུག་དགོས། ཚད་ལྡན་དུ་གཏོང་རྒྱུ་ནི“ཁྱིམ་ལས་ཞབས་ཞུའི་དཔལ་འབྱོར”སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་དང་ཕྱོགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་རྨང་གཞི་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།