བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ།
ཚེས་18ཉིན། གསར་འགོད་པར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་65སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་སའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་0.41ནས་2023ལོའི་སྒོར་དུང་ཕྱུར་834.79བར་འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1959ལོའི་སྒོར་57ནས་2023ལོའི་སྒོར་25010བར་འཕར་ནས་ལྡབ་438འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1959ལོའི་སྒོར་220ནས་2023ལོའི་སྒོར་54835བར་འཕར་ཏེ་ལྡབ་249འཕར་བ། མཁའ་རླུང་གི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མདུན་གྲལ་དུ་སླེབས་པ་བཅས་མི་དམངས་བདེ་སྡོད་ལས་བརྩོན་དང་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་སྟེ“དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
ཡོངས་བསྒྲགས་ཚོགས་འདུའི་ཐོག ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཡིས་ངོ་སྤྲོད་བྱས་པར། ལྷ་ས་གྲོང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་མདུན་སྐྱོད་བྱས་ཏེ། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
ལོ་65ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དམངས་འཚོའི་བདེ་རྩ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་སྟེ། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་7130.5ཟིན་པ་དང་། ལྷ་ས་ལྟེ་བར་བྱས་པའི་རིམ་མཐོའི་གཞུང་ལམ་དྲ་བ་མགྱོགས་མྱུར་ཆགས་པ། ཆུས་3དང་རྫོང་5ལ་ཁྱབ་པའི་གཅིག་གྱུར་གྱི་གློག་དྲ་ཆེན་པོ་ཆགས་པ་དང་། ཆུ་མཁོ་འདོན་ལས་གྲྭ་1864བསྐྲུན་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་100%ཟིན་པ། 5Gདྲ་རྒྱ་གྲོང་ཁྱེར་ལ་ཁྱབ་ཚད་100%ཟིན་པ། ཆུ་ཟོམ་ནས་ཆུ་ཀ་ལའི་བར་དང་། སྣུམ་བཞུ་ནས་གློག་སྒྲོན་བར། ས་རྡོའི་ལམ་ནས་སྣུམ་ནག་ལམ་བར། ཕྱིང་གུར་ནས་རྫ་གཡམ་ཅན་གྱི་ཁང་པའི་བར་བཅས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་ཕྱིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་ཕྲུ་གུ་བུ་བཅོལ་ཁང་དུ་ཞུགས་ཚད་98.73%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་99.46%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་ཕྲུ་གུ་སློབ་ཞུགས་བྱེད་ཚད་97.26%ཟིན་ཏེ་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་ལས་བརྒལ་བ། མང་ཚོགས་ཀྱི་བདེ་ཐང་ཁེ་དབང་འགན་སྲུང་ཐུབ་ཅིང་། མི་སྟོང་རེར་དབང་བའི་ནད་ཁྲིའི་གྲངས་འབོར་དེ་1959ལོའི་0.27ནས་2023ལོའི་6.4བར་འཕར་ཏེ། “ནད་ཆེན”རིགས་ཁག་220ལྷག་ཙམ་གྲོང་ཁྱེར་ནས་བཅོས་ཐུབ་པ་དང་། “ནད་འབྲིང”དང“ནད་ཆུང”རིགས་སྤྱིར་ན་རྫོང་ནས་བཅོས་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1951ལོའི་ལོ་35.5ནས་2021ལོའི་ལོ་72.5བར་རིང་དུ་ཕྱིན་ཡོད། ལོ་མང་རིང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་འདེགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ལྗོངས་ཕྱི་ནང་གི་ལས་ཞུགས་ཐབས་ལམ་སྤྱི་འདོམས་བྱས་པས་2023ལོའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ལྷག་ཙམ་ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཡུན་རིང་དམའ་ཙམ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
ལོ་65ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་མུའུ་ཁྲི་1451.19སྤྱི་འདོམས་དབྱེ་མཚམས་བཅད་པས་གྲོང་ཁྱེར་གྱི་ས་ཁོངས་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་བཟུང་བ་དང་ཆུ་བོ་དང་མཚེའུ་ཡི་ཆུ་སྤུས་དག་ཚད་100%ཟིན་ཡོད། ད་ཆ་ལྷ་སར་རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་གི་མཛེས་པ་དེ་ཉིད་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕན་གྱི་ཕན་འབྲས་སུ་བསྒྱུར་བཞིན་ཡོད་པ་རེད།