དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་གཏན་འབེབས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-20

    ཅིང་ཧའེ་ཕུང་ལ“དམིགས་བསལ་རིམ་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། ཀྲུའུ་དབྱང་ཀྲུ་དང་ཀུའེ་ཧའེ་ཁྲའོ་ལ“དཔའ་བོའི་འཇིག་རྟེན་འཕུར་སྐྱོད་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ།

    (2024ལོའི་ཟླ་4ཚེས་18ཉིན)

    2023ལོའི་ཟླ་5ཚེས་30ཉིན། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་། ཀྲུའུ་དབྱང་ཀྲུ། ཀུའེ་ཧའེ་ཁྲའོ་བཅས་ཀྱིས་བཏང་བའི་འཕུར་གྲུ་མཁའ་མཐུན་ལྟེ་བའི་ཚང་དུ་བཅའ་སྡོད་བྱས་ནས་འཁོར་ལམ་དུ་བཅའ་སྡོད་ཟླ་5བྱས་པ་དང་། སྔ་རྗེས་སུ་གྲུ་ཚང་ཕྱིར་དོན་ནས་བྱེད་སྒོ་ཐེངས་1སྤེལ་བ་དང་། བར་སྣང་སློབ་ཁྲིད་ཐེངས་1བྱས་པ། བར་སྣང་ཚན་རིག་ཚོད་ལྟ་དང་བཀོལ་སྤྱོད་ཐེག་ཚད་འཁོར་ལམ་ཐོག་དངོས་བཤེར(ཚོད་ལྟ)རབ་དང་རིམ་པ་བྱས་པ། བར་སྣང་ས་ཚིགས་ཀྱི“ཚང་གསུམ་གྲུ་གསུམ”གྲུབ་ཚུལ་འོག་གི་སྟེགས་བུར་དོ་དམ་བདག་སྐྱོང་གི་ལས་དོན་ལེགས་སྒྲུབ་བཅས་བྱས་ནས་2023ལོའི་ཟླ་10ཚེས་31ཉིན་བདེ་འཇགས་ངང་ཕྱིར་ལོག་བྱས་པ་རེད། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ནི་བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་སྐྲུན་པ་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་བཀོལ་སྤྱོད་དང་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐོག་མ་དེ་ཡིན་ཞིང་། འཇིག་རྟེན་འཕུར་སྐྱོད་ཁ་ལོ་བ་དང་། འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་ཆེ་མོ་བ། ཐེག་ཁུར་རིགས་གཅིག་མཁས་ཅན་བཅས་འཇིག་རྟེན་འཕུར་སྐྱོད་པ་རིགས་མི་འདྲ་བ་གསུམ་གྱིས་ཐུན་མོང་ཐོག་ལས་འགན་བསྒྲུབས་པ་དེ་ཐོག་ནས།ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་ཆུ་ཚད་མཐོ་བའི་ཚན་རྩལ་ཐད་རང་ཚུགས་རང་དར་གྱི་གོམ་སྟབས་གསར་པ་སྤོས་པ་དང་འཇིག་རྟེན་འཕུར་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པར་ཚད་བརྒལ་གསར་པ་བྱུང་བ་མཚོན་གྱི་ཡོད། དེས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་དཔའ་ངར་ཆེར་སྐྱེད་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་ལྕག་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

    ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བའི་ནང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ནུས་འདུས་ཡོད། བློ་མཐུན་ཅིང་ཧའེ་ཕུང་དང་། ཀྲུའུ་དབྱང་ཀྲུ། ཀུའེ་ཧའེ་ཁྲའོ་བཅས་ནི་དེའི་ནང་གི་ཕུལ་དུ་བྱུང་བའི་འཐུས་མི་ཡིན་ཞིང་། ཁོང་ཚོས་ལྷག་བསམ་དྲིན་འཇལ་དང་། རྣམ་དག་འགན་སྒྲུབ། དཀའ་ཉེན་མི་སྐྲག མཐུན་སྒྲིལ་མཉམ་ལས་བཅས་བྱས་པ་ལས་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། བློ་མཐུན་ཅིང་ཧའེ་ཕུང་གིས་མི་བཞུགས་འཕུར་སྐྱོད་ལས་འགན་ཐེངས་4བསྒྲུབས་པ་དང་བཀའ་བཀོད་དཔོན་ཐེངས་3བྱས་པ་ལས། མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་པའི་ཐེངས་གྲངས་མང་ཤོས་ཀྱི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་གྱུར་ཡོད། བློ་མཐུན་ཀྲུའུ་དབྱང་ཀྲུ་ནི་བློ་རྩ་བརྟན་ལ་འཕྲལ་ཐག་ཆོད་པ་དང་འགྲན་སློང་བྱེད་ཕོད་པ་ཞིག་ཡིན་ཞིང་། ཁོང་གིས་ནན་ལ་ཞིབ་ཚགས་པོས་བཀོལ་སྤྱོད་བྱས་པ་ལས། རང་རྒྱལ་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མཁན་དང་གྲུ་ཚང་ནས་ཕྱིར་འདོན་ཏེ་བྱེད་སྒོ་སྤེལ་མཁན་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་ཆེ་མོ་བ་ཐོག་མར་གྱུར་ཡོད། བློ་མཐུན་ཀུའེ་ཧའེ་ཁྲའོ་ཡིས་དཀའ་སྤྱད་སྦྱོང་བརྡར་ཚད་མེད་བྱས་ཤིང་། དཔྱད་ཞིབ་ཡང་ཡང་བྱས་པ་བརྒྱུད་གཟི་བརྗིད་ལྡན་པའི་སྒོ་ནས་ལྷ་གྲུ་ཨང་བཅུ་དྲུག་པའི་ལས་དོན་ཚོ་ཆུང་ནང་བདམས་ཐོན་བྱུང་སྟེ། རང་རྒྱལ་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མཁན་ཐེག་ཁུར་རིགས་གཅིག་མཁས་ཅན་དང་པོར་གྱུར་ཡོད། ཁོང་ཚོས་རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ཕྱིར་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཅིང་ཧའེ་ཕུང་ལ“དམིགས་བསལ་རིམ་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། ཀྲུའུ་དབྱང་ཀྲུ་དང་ཀུའེ་ཧའེ་ཁྲའོ་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་འབྲེལ། “རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”ཀྱང་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།

    བློ་མཐུན་ཅིང་ཧའེ་ཕུང་དང་། ཀྲུའུ་དབྱང་ཀྲུ། ཀུའེ་ཧའེ་ཁྲའོ་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བླ་ན་མེད་པའི་བྱ་གཞག་ཆེད་རང་སྲོག་བློས་གཏོང་མཁན་གྱི་དུས་རབས་ཀྱི་གདོང་ལེན་པ་དང་། འཇིག་རྟེན་འཚོལ་ཞིབ་དང་། ཕུགས་འདུན་མཁའ་སྒྲུབ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་བྱེད་མཁན་གྱི་དཔེ་དམག་དང་དཔེ་མཚོན་ཞིག་རེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པ་མིག་དཔེར་འཛིན་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རང་རྟོན་རང་དར་དང་། བློ་སེམས་གཅིག་སྒྲིལ། འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་18ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།