དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལྗང་མདོག་ནུས་རྒྱུ་དང་རིག་ལྡན་རྩིས་རྒྱག་མཉམ་འདྲེས་ལས་གྲངས་འཛིན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུའུ་ཧྥེང་།   |     སྤེལ་དུས།  2024-04-19

    དཔྱིད་ཟླ་བཞི་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲངས་གཞི་ཆེ་མོའི་ཐོན་ལས་གླིང་དུ་སྐྱོད་སྐབས། གྲངས་གཞི་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། ས་བཟུང་རྒྱ་ཁྱོན་སྤྱི་ཆིང་8.487ཡོད་པའི་ས་ཆ་དེར་AIཡི་རྩེར་སོན་ལག་རྩལ་སྐྱེད་སྲིང་བྱེད་བཞིན་ཡོད་པས་སླད་ཕྱིན་ལྗང་མདོག་རྩིས་ནུས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།

    ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཀྲོའུ་ཡིས་ནུབ་བྱང་དུ་གཞི་ཚུགས་ནས་རྒྱལ་ཡོངས་ལ་ཕྱོགས་པའི་གྲངས་གཞི་ཆེ་མོའི་ཐོན་ལས་རྟེན་གཞི་གཏོད་རྒྱུ་དམིགས་ཚད་དུ་བྱས་ཏེ། གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ་དང་། བཟོ་ལས་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་མྱུར་གཏོང་བ། གྲངས་གཞིའི་ཐོན་ལས་གང་སར་དར་བ་བཅས་ཀྱི་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་གཞི་བཙུགས་ཏེ་གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུ་གཙང་མ་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་འཚོལ་ཞིབ་དང་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    དེས་ན་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པའི་ཁྲོད་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱིས་ཡང་སྙིང་ནུས་པ་གང་ཞིག་ཐོན་ཡོད་དམ་ཞེ་ན། མཚོ་སྔོན་ཡུས་སེ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡུས་དབྱིན་ཁྲུའུ་ཡིས་ལན་བཏབ་དོན།

    “གྲངས་འཛིན་ཀྲུང་གོ”འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་འཐབ་ཇུས་དོན་འཁྱོལ་བྱ་ཆེད། མཚོ་སྔོན་ཡུས་སེ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སིས་ཕྱོགས་བསྡུས་ནུས་རྒྱུའི་ཞབས་ཞུའི་ལས་སྒོ་སྔོག་འདོན་གཏིང་ཟབ་བྱས་པ་དང་འབྲེལ་གསར་སྤེལ་བྱས་ནས་མཚོ་ནུབ་ཀྲོའུ་ལ་དཔེ་དབྱིབས་ཆེན་པོའི་རྩིས་ཐབས་སྦྱོང་བརྡར་ལས་སྟེགས་སྐྲུན་རྒྱུར་རོགས་རམ་བྱས་ཡོད། ལྗང་མདོག་རྩིས་ནུས་ཐོན་ལས་འཁོར་འབྲེལ་གྱིས་ཞབས་ཞུའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བར་དམིགས་ནས་མཚོ་ནུབ་ཀྲོའུ་ཡི་གྲངས་གཞི་ཆེ་མོའི་ཐོན་ལས་གླིང་གིས“ཁུངས་དྲ་ཐེག་གསོག”གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་དུས་མཚུངས། མཚོ་ནུབ་ཀྲོའུ་ཡི་ཐུན་མིན་གྱི་རང་བྱུང་ཁོར་ཡུག་དང་ས་ཁམས་ཆ་རྐྱེན་ལ་བརྟེན་ནས་རླུང་འོད་གློག་ནུས་རྒྱུ་གསར་པའི་ཐོན་ལས་བཀོད་སྒྲིག་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གྲངས་གཞི་ལྟེ་གནས་ཀྱི་ནུས་རྒྱུ་མཁོ་འདོན་བྱེད་པ་དེ་སྲོལ་རྒྱུན་གྱི་མེ་གློག་ནས་རླུང་འོད་གློག་ཏུ་རིམ་བཞིན་བསྒྱུར་ཏེ་གྲངས་གཞིའི་ལྟེ་གནས་ཀྱི་འཁོར་སྐྱོད་བརྒྱུད་རིམ་ཁྲོད་ཀྱི་ཐཱན་འབུད་ཚད་ཆེས་ཆེར་དམའ་རུ་བཏང་ནས་རིག་ནུས་རྩིས་རྒྱག་དང་ཚད་བརྒལ་རྩིས་རྒྱག་གི་བསྡུར་ཚད་སྔར་བས་ལུགས་མཐུན་ངང་མཐོ་རུ་བཏང་བ་རེད།

    གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་ཐོན་ལས་གླིང་གི་གྲངས་གཞི་ཆེ་མོའི་ཉེན་གཡོལ་གྲབས་ཉར་ལྟེ་གནས་ཀྱི་རྣམ་གྲངས་ཀྱང་མགྱོགས་མྱུར་ཨར་སྐྲུན་བྱེད་བཞིན་ཡོད། “མཚོ་ནུབ་ཀྲོའུ་ཡི་གྲངས་གཞི་ཆེ་མོའི་ཐོན་ལས་གླིང་གི་རྣམ་གྲངས་དེ་2023ལོའི་ཟླ་7པར་ལས་འགོ་ཚུགས་ཚུན། འཛུགས་སྐྲུན་གྱི་མྱུར་ཚད་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། མིག་སྔར་ཐོན་ལས་གླིང་གི་གྲུབ་ཆ་གཙོ་བོའི་འཛུགས་སྐྲུན་རགས་ཙམ་ལེགས་གྲུབ་ཟིན་པ་དང་། འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་5000བཏང་བ་རེད། ང་ཚོར་གྲངས་གཞི་ཆེ་མོའི་ཐོན་ལས་གླིང་དེ་2024ལོའི་ལོ་མཇུག་ཏུ་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་ནས་མཚོ་ནུབ་ཀྲོའུ་དང་གཏེར་ལེན་ཁ་གྲོང་ཁྱེར་དེ་གཉིས་དཔེ་དབྱིབས་ཆེན་པོའི་རྩིས་ཐབས་སྦྱོང་བརྡར་ལ་རམ་འདེགས་བྱེད་མཁན་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད”ཅེས་ཡུས་དབྱིན་ཁྲུའུ་ཡིས་བཤད།

    རེ་བས་ཁེངས་པའི་ས་གཞི་དེའི་ཐོག་གྲངས་གཞི་ཆེ་མོའི་ཐོན་ལས་གླིང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དེས་མཚོ་ནུབ་ཀྲོའུ་ཡིས་ཐོན་ལས་འཕེལ་རྒྱས་ཁྲོད་ལག་ལེན་བསྟར་བའི་སྐྱེ་ཁམས་སྲུང་སྐྱོང་སྔོན་འཇོག་གི་བློ་བརྟན་འགྱུར་མེད་ཀྱི་འདུ་ཤེས་མཚོན་པ་མ་ཟད། ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡང་མཚོན་གྱི་ཡོད། ནུས་རྒྱུ་གསར་པ་དང་གྲངས་གཞི་ཆེ་མོའི་ཐོན་ལས་ཕན་ཚུན་སྤེལ་རེས་ཀྱི་མཉམ་ལས་བྱས་པ་དེས་མཚོ་ནུབ་ཀྲོའུ་ཡི་རེས་སྐོར་གསར་པའི་ལྗང་མདོག་འཕེལ་རྒྱས་ཀྱི་བརྗིད་ཆེའི་ལེའུ་ཞིག་རྩོམ་བཞིན་ཡོད་པ་རེད།

    མིག་སྔར་མཚོ་ནུབ་ཀྲོའུ་འདི་ཉིད“ནུས་རྒྱུ་གསར་པ+གྲངས་གཞི་ཆེ་མོའི”མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། དེས་ན་མཚོ་ནུབ་ཀྲོའུ་ཡིས་སྲིད་ཇུས་དང་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ཁྲོད་རང་འགུལ་ངང་གོང་འཕེལ་ཡོང་བར་བྱས་ཏེ“ནུས་རྒྱུ་གསར་པ་དང་གྲངས་གཞི་ཆེ་མོའི”མཉམ་སྒྲིག་རྣམ་པའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་དང་མཉམ་འདྲེས་བྱས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།