དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚིགས་དང་པོར་རང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-19

    གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་རང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་21.78ཟིན་པ་དེ་ལོ་གོང་མའི་དུས་མཚུངས(འོག་དང་གཅིག་མཚུངས)ལས་216.7%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་19.51ཟིན་ནས་217.1%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་2.27ཟིན་ནས་213.2%འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱལ་ཁབ་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་15.13ཟིན་ནས་130%འཕར་ཡོད།

    ལྷ་ས་འགག་སྒོ་ལས་ཁུངས་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཆུང་བདག་གིས་ཕྱིར་གཏོང་བྱེད་པ་ནི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། དུས་ཚིགས་དང་པོར་བོད་ཀྱི་ཁེ་ལས་ཀྱིས་ཕྱིར་གཏོང་བྱེད་པའི་གྱོན་ཆས་དང་ཁྱིམ་ཆས་སོགས་ངལ་ནུས་མང་འདུས་ཀྱི་ཐོན་རྫས་ལ་སྒོར་དུང་ཕྱུར་9.95ཟིན་ནས་390.6%འཕར་བ་དང་། ཕྱིར་གཏོང་བྱེད་པའི་འཕྲུལ་འཁོར་དང་གློག་ཆས་སོགས་འཕྲུལ་ཆས་ཐོན་རྫས་ལ་སྒོར་དུང་ཕྱུར་5.5ཟིན་ནས་105.3%འཕར་ཞིང་། བསྡོམས་རྩིས་བྱས་ན། ཕྱིར་གཏོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་15.45ཟིན་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བརྒྱ་ཆའི་གྲངས་156ཡས་མས་འཕར་བར་ཐད་ཀའི་སྐུལ་ཁྲིད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

    གྲངས་གཞི་ལས་མངོན་པར་གཞིགས་ན། རང་ལྗོངས་ཀྱི་སྲོལ་རྒྱུན་གྱི་ཚོང་དོན་རོགས་ཟླ་སྔར་བས་བརྟན་དུ་སོང་བ་དང་གསར་དར་ཁྲོམ་རའི་རོགས་ཟླའང་མངོན་གསལ་དོད་པོས་མང་དུ་སོང་ནས“གྲོགས་ཚོགས”རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད། དུས་ཚིགས་དང་པོར་ནེ་པ་ལ་ནི་བོད་ཀྱི་ཚོང་དོན་གྱི་རོགས་ཟླ་ཆེ་ཤོས་དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཡིན་པའི་གནས་བབ་སྔར་བཞིན་རྒྱུན་འཁྱོངས་ཐུབ་སྟེ། ཕྱོགས་གཉིས་པོའི་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་8.66ཟིན་ནས་192.7%འཕར་ཡོད།

    དེ་དང་ཆབས་ཅིག་བོད་ཀྱིས་རྒྱལ་ཁབ་དང་ས་ཁུལ་107དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ལས་སྒོ་སྤེལ་བ་དེ་ལོ་གོང་མའི་དུས་མཚུངས་ལས་58འཕར་ཡོད། རྒྱ་གར་དང་། ཨ་རི། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཡོ་རོབ་མནའ་འབྲེལ། ཨ་རབ་མནའ་འབྲེལ་སོགས་དཔལ་འབྱོར་སྒྲིག་གཞིའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཆ་སྙོམས་རྒྱུན་མཐུད་ངང་འཕར་ཡོད།

    དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། དམངས་གཉེར་ཁེ་ལས་ཀྱིས་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁྲོམ་རའི་བྱེད་པོའི་ནུས་པའི་གནས་བབ་བརྟན་པོ་བཟུང་ནས་དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་21.4ཟིན་ནས་215.2%འཕར་བས་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་98.3%བཟུང་བ་དང་། གཞུང་ཁོངས་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.21ཟིན་ནས་173.2%འཕར་ཡོད། དེ་དང་ཆབས་ཅིག་སྤྱིར་བཏང་ཚོང་དོན་དང་མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་ཡང་མགྱོགས་མྱུར་འཕར་ཚུལ་མངོན་ཞིང་། རང་ལྗོངས་ཀྱི་སྤྱིར་བཏང་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་13.17ཟིན་ནས་234.7%འཕར་བ་དང་། མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7.86ཟིན་ནས་170.6%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།