དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-18

    “རང་ཉིད་ཀྱིས་རྒྱ་ཡིག་སྦྱངས་པས་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་རག་བྱུང་ལ། ལྷོ་ཨ་ཧྥེ་རི་ཁའི་གཞོན་ནུ་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་དང་ལས་རིགས་ཀྱི་གདམ་ག་མང་དུ་འགྲོ་བའི་རེ་བའང་བྱེད་ཀྱི་ཡོད། ང་ཚོས་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་འགྲོ་འོང་ཐད་མཛའ་གྲོགས་ཟམ་པ་ཞིག་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད”ཅེས་ལྷོ་ཨ་ཧྥེ་རི་ཁའི་ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཁུང་ཙི་སློབ་གླིང་གི་རྒྱ་ཡིག་དགེ་རྒན་སཱ་ནེ་ལའེ·ཨེན་ཐུའུ་ལི་ཡིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    སཱ་ནེ་ལའེ·ཨེན་ཐུའུ་ལི་ནི་ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་གསོ་སྐྱོང་བྱས་པའི་ས་གནས་དེ་གའི་རྒྱ་ཡིག་དགེ་རྒན་ཁག་དང་པོའི་གྲས་ཤིག་ཡིན་པ་དང་ཁོང་གི་རྒྱ་ཡིག་གི་མིང་ལ“ལིན་སེན”ཞེས་ཟེར་གྱི་ཡོད།

    2013ལོའི་ཟླ་3པར། ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲི་གནང་རིང་། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཁུང་ཙི་སློབ་གླིང་མཉམ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་དཔང་པོ་གནང་ཡོད། ལོ་10ལྷག་ཙམ་རིང་། ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་རིམ་རྩིས་བྱས་ན་སློབ་མ་ཁྲི་ལྷག་ཙམ་གསོ་སྐྱོང་བྱས་ཡོད། དགེ་རྒན་གྱི་གཞུང་ལས་ཁང་དུ་ལིན་སེན་གྱིས་སྒྲོག་ཙེའི་ནང་ནས་རྒྱ་ཡིག་གྲལ་འགྲིག་པོ་བྲིས་པའི་འཕྲིན་ཡིག་ཅིག་བཏོན་པ་དང་། “དེ་ནི་ང་ཚོ་དགེ་སློབ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྲིས་པའི་འཕྲིན་ཡིག་གི་བཤུས་མ་རེད། འཕྲིན་ཡིག་ནང་ང་ཚོ་དང་ཀྲུང་གོའི་དབར་གྱི་འབྲེལ་ཡོད་གཏམ་རྒྱུད་ཞིབ་པར་བཀོད་ཡོད”ཅེས་ལིན་སེན་གྱིས་བརྗོད།

    2023ལོར། ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་ནས་ལོ་10འཁོར་བའི་སྐབས་སུ་སློབ་གླིང་དེའི་དགེ་སློབ་50ཡིས་མིང་མཉམ་དུ་བཀོད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པ་དང་། འཕྲིན་ཡིག་ནང་རྒྱ་ཡིག་སློབ་སྦྱོང་བྱས་པའི་བརྒྱུད་རིམ་དང་། གྲུབ་འབྲས། མྱོང་ཚོར་བཅས་ཞིབ་པར་གླེང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁའི་གཞོན་ནུ་ཚོར་ཕུགས་འདུན་དོན་གཉེར་བྱེད་པའི་གོ་སྐབས་དེ་བས་མང་བ་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཁུང་ཙི་སློབ་གླིང་གི་དགེ་སློབ་ཚོར་འཕྲིན་ལན་སྤྲིངས་ནས། ཁོང་ཚོས་རྒྱ་ཡིག་ཡག་པོ་སྦྱངས་ཏེ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ལྕག་སྐུལ་གནང་ཡོད།

    “རང་ཉིད་སོ་སོའི་ལས་ཀར་དགའ་པོ་ཡོད་ལ། ཕུལ་བྱུང་གི་རྒྱ་ཡིག་དགེ་རྒན་ཞིག་ཏུ་འགྱུར་རྒྱུའི་རེ་བའང་ཡོད”ལིན་སེན་གྱིས་ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཁུང་ཙི་སློབ་གླིང་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བའི་ཡིད་ཆེས་བྱེད་པ་མ་ཟད། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཕན་ཚུན་གྱི་རྒྱུས་མངའ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་བྱེད་པའི་ཕོ་ཉ་ཞིག་ཏུ་འགྱུར་བ་བྱས་ནས་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།