དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ཐོག་མ་སྙོམ་སྒྲིག་ཚོད་ལྟ་དང་ནང་ངོས་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་པ།

    “ཕུགས་བསམ”རྟགས་ཅན་གྱིས་མཚོ་མཐིལ་གྱི་ས་ངོས་ལ་རྩད་ཞིབ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-18

    འདི་ནི“ཕུགས་བསམ”རྟགས་ཅན་མཚོ་ངོས་སུ་སྐྱོད་བཞིན་པ།

    ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ནན་ཧྲ་ཆུས་ཀྲུའུ་ཅང་གཙང་པོའི་གྲུ་ཁར་སྟོད་དཀར་པོ་དང་སྨད་དམར་སེར་གྱི་གྲུ་གཟིངས་ཆེན་པོ་ཞིག་བསྡད་འདུག དེའི་ཐོག་ཏུ་ཡོད་པའི་གསོར་ཁྲོན་ལྕགས་སྒྲོམ་འགྱིང་ངེར་གནས་ལ། གཡའ་དག་པའི་ནམ་མཁའི་འོག་མིག་ལམ་དུ་ཧ་ཅང་མངོན་གསལ་དོད།

    དེ་ནི་རང་རྒྱལ་གྱིས་རང་རྟེན་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ཐོག་མ་སྟེ། “ཕུགས་འདུན”རྟགས་ཅན་རེད། རྒྱལ་ནང་གི་ཏུན་གྲངས་ཐེག་ཚད་མཐོ་ཤོས་ཀྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་དེ་ན་ནིང་གི་ལོ་མཇུག་ཏུ་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་། ད་ཆ་སྙོམ་སྒྲིག་ཚོད་ལྟ་དང་ནང་ངོས་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་པ་རེད། སྔོན་དཔག་བྱས་ན་ད་ལོར་ཕྱོགས་ཡོངས་ནས་སྐྲུན་མཇུག་འགྲིལ་རྒྱུ་རེད།

    གོ་ལ་ཧྲིལ་པོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་མཚོ་སྟེང་སྒུལ་བདེའི་ཚོད་ལྟ་ཁང་ཡིན་པའི“ཕུགས་འདུན”རྟགས་ཅན་གྱི་ཚོད་ལྟ་ཁང་དུ་སྒྲིག་སྦྱོར་བྱས་པའི་ཞིབ་ཚགས་པའི་ཚོད་ལྟའི་ཡོ་ཆས་སྣ་ཚོགས་ཁག་150(ཆ་ཚང)ལྷག་ཡོད་པ་དང་། མིག་སྔར་ཆུ་དང་། གློག རླངས། རླུང་སོགས་མ་ལག་ཆེན་པོ་བཅུ་གཉིས་སྒྲིག་སྦྱོར་གྱི་ལས་ཀ་ལེགས་གྲུབ་ཟིན་ནས། ཚོད་ལྟའི་ཡོ་ཆས་སྒྲིག་སྦྱོར་བྱེད་ཉེར་ཡོད་པ་རེད།

    “གསོར་འབིགས་རྩད་ཞིབ་ནི་ཕུགས་འདུན་རྟགས་ཅན་གྱི་བྱེད་ནུས་གལ་ཆེ་ཤོས་རེད། གསོར་འབིགས་རྩད་ཞིབ་ཀྱི་དམིགས་ཡུལ་ནི་སའི་གོ་ལའི་གཏིང་གི་བྲག་རྡོར་གསོར་འབིགས་བྱེད་པ་དང་འབྲེལ། དེའི་ནང་གི་ས་གཤིས་ཆ་འཕྲིན་བསྡུ་ལེན་བྱས་ནས་སའི་གོ་ལའི་གཏིང་རིམ་གྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དེ་རེད”ཅེས་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས“ཕུགས་འདུན”རྟགས་ཅན་བཀོད་འདོམས་པུའི་འགན་འཁུར་བ་གཙོ་བོ་ཀྲོའུ་ཁྲང་གིས་ངོ་སྤྲོད་བྱས།

    གསོར་འབིགས་རྩད་ཞིབ་ཚན་རིག་ཁྱབ་ཁོངས་སུ“སྨི་ཁྲི་གཅིག་གསོར་འབིགས་བྱེད་པ་དེ་ཟླ་བའི་གོ་ལར་འཛེག་པ་ལས་ཀྱང་དཀའ་ལས་ཁག་པོ་ཡོད”ཅེས་བརྗོད་སྲོལ་ཡོད། ལག་རྩལ་གསར་གཏོད་དང་སྒྲིག་ཆས་འདུས་གྲུབ་ཀྱི་འདེགས་སྐྱོར་འོག“ཕུགས་འདུན”རྟགས་ཅན་ལ་མཚོ་གཏིང་གི་སྨི་ཁྲི་1.1གི་སར་གསོར་འབིགས་རྩད་ཞིབ་བྱེད་པའི་ནུས་པ་ལྡན་ཡོད། “གྲུ་གཟིངས་དེས་ས་ཤུན་བརྟོལ་ནས་ས་རིམ་བར་དུ་འཛུལ་བའི་དམིགས་ཚད་མངོན་འགྱུར་ལ་གཞོལ་རྒྱུ་ཡིན་ཞིང་། ‘ཕུགས་བསམ’རྟགས་ཅན་ཞེས་མིང་འདོགས་དོན་ཡང་དེ་ལྟར་ཡིན”ཞེས་ཀྲོའུ་ཁྲང་གིས་བཤད།

    “སྨི་ཁྲི་1.1གི་ཆུ་གཏིང་གི་གནོན་ཤུགས་ནི་སྒྲིག་ཆས་དང་། ཆུ། གློག གཤེར་ཁུ། རྒྱུ་ཆ་བཅས་ཚང་མའི་ངོས་ནས་བརྗོད་ན་འགྲན་སློང་ཞིག་རེད” གྲུ་གཟིངས་ཧྲིལ་པོར་སྒྲིག་ཆས་གཙོ་བོ་303དང་། ཐོན་སྐྱེད་དཔེ་རིས་8300 བཟོ་སྐྲུན་ལས་རིམ་ཆིག་ཁྲི་ལྷག་བཅས་དང་འབྲེལ་བ་ཡོད་ལ། ཚན་ཞིབ་ཚན་པ་150ལྷག་ཙམ་བསྡུས་ནས་འཛུགས་སྐྲུན་ནང་ཞུགས་ཏེ་འགག་རྩའི་ལག་རྩལ་10ལྷག་ཙམ་འགག་སྒྲོལ་བྱས་ཡོད་ཅེས“ཕུགས་འདུན”རྟགས་ཅན་གྱི་བཟོ་སྐྲུན་ལྟ་སྐུལ་ཚོགས་ཆུང་གི་ཙུའུ་ཀྲང་དབྱིན་ཞན་ཧྥུང་གིས་ངོ་སྤྲོད་བྱས།

    གྲུ་གཟིངས་སྐྲུན་ཡུལ་དང་ཐག་རིང་པོ་མེད་སར“ཕུགས་འདུན”རྟགས་ཅན་དང་ཆ་སྒྲིག་བྱས་པའི་གསོར་འབིགས་རྩད་ཞིབ་འགན་ལེན་གྲུ་གཟིངས་དང་། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ས་གཤིས་བྲག་རྡོའི་མཛོད་ཆེ་ཤོས། རང་རྒྱལ་གྱི་ཆུ་གཏིང་ཚན་རིག་རྟོག་ཞིབ་གྲུ་ཁ་ཐོག་མ་སོགས་ཚང་མ་བསྐྲུན་ཟིན་ནས“ཕུགས་འདུན”རྟགས་ཅན་གཉེར་སྐྱོང་བྱེད་པར་ངོགས་གཞིའི་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་རེད།

    མཚོ་ལ་བརྟེན་ནས་སྟོབས་ཤུགས་ཆེ་རུ་གཏོང་དགོས་ན་ཚན་རིག་རྟོག་ཞིབ་ཀྱི་ལག་ཆ་རྣོན་པོ་ཡོད་དགོས། རང་རྒྱལ་གྱི་མཚོ་གཏིང་རྩད་ཞིབ་ཚད་ལེན་གྱིས“ཕུགས་བསམ”རྟགས་ཅན་ལས་སྟེགས་གལ་ཆེན་དུ་བརྩིས་ཏེ། མཚོ་གཏིང་ས་གཤིས་ཀྱི་སའི་གོ་ལའི་དངོས་ལུགས་འཚོལ་ཞིབ་དང་གསོར་འབིགས་རྩད་ཞིབ་ལག་རྩལ་སྒྲིག་ཆས་མ་ལག་བསྐྲུན་ནས་མིའི་རིགས་ཀྱིས་རྒྱ་མཚོ་ཤེས་རྟོགས་དང་། སྲུང་སྐྱོབ། གསར་སྤེལ་བཅས་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།