གློག་སྐུད་ཟང་ཟིང་བཅོས་སྒྲིག་བྱས། རླངས་འཁོར་འཇོག་གནས་མང་དུ་བཏང་།
—— སྟོད་ལུང་བདེ་ཆེན་ཆུས་ཀྱི་སྒྲིག་བཀོད་བཅོས་སྒྲིག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
2023ལོའི་ཟླ་11པར་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྒྲིག་བཀོད་བཅོས་སྒྲིག་གི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་འགན་འཁྲི་དམ་དུ་བཏང་བ་དང་བཀའ་རྒྱ་ལྟར་ལག་ལེན་བསྟར་ཏེ་ལྗོངས་ཡོངས་ཀྱི་ཁྲོམ་གཞུང་རྒྱུད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དང་། གློག་སྐུད་ཟང་ཟིང་། གློག་ཤུགས་སྒྲིག་བཀོད་སོགས་ལ་དུས་ཐོག་ཏུ་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་ཕྱིན་ཡོད་པ་རེད།
གློག་སྐུད་ཟང་ཟིང་གི་རྣམ་པ་དེས་གྲོང་ཁྱེར་གྱི་གཟུགས་བརྙན་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། གློག་ལམ་དོ་དམ་ལའང་སྟབས་བདེ་མེད་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧ་ཅང་ཆེན་པོ་གནས་སྟབས་བཅོས་སྒྲིག་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་ཏུ་གྱུར་ཡོད། “སྔོན་ཆད་ང་ཚོའི་ཁུལ་ཆུང་དུ་གློག་སྐུད་མང་པོ་ཕན་ཚུན་འཛིང་ནས་སྡོམ་དྲ་དང་འདྲ་ལ། ཉེན་ཁ་ཡང་ཆེན་པོ་ཡོད། འོན་ཀྱང་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན་གནད་དོན་དེ་མགྱོགས་མྱུར་ཐག་གཅོད་ཐུབ་ནས་ལས་དོན་པས་གློག་སྐུད་ལ་ཤུབས་བསྒར་བས་ད་ཆ་ཕྱིའི་བཟོ་ལྟ་མཛེས་པ་མ་ཟད། བདེ་འཇགས་ཀྱང་ཡག་པོ་འདུག”ཅེས་སྟོད་ལུང་བདེ་ཆེན་ཆུས་ཀུན་སྐྱིད་སྡེ་ཁུལ་གྱི་གྲོང་མི་བྱམས་པས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་སྒྲིག་བཀོད་བཅོས་སྒྲིག་གི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་གྲོང་ཁྱེར་གྱི་གློག་སྐུད་ཟང་ཟིང་གི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་ཧུར་ཐག་བྱས་ནས། གདོང་དཀར་ལམ་དང་སྟོད་ལུང་ལམ་ཆེན་གྱིས་གཙོ་སྲང་ལམ་དུ་སྦུག་ཤུབས་བསྒར་བ་དང་། བསྡམས་པ། གྱང་སྟེང་དུ་བསྒར་བ། ས་དོང་ནང་བླུགས་པ་སོགས་དུས་མཚམས་དབྱེ་ནས་གློག་སྐུད་སྒྱུར་བཀོད་བྱས་པ་དང་། མིག་སྔའི་བར་དྲ་རྒྱའི་ལམ་ཐིག་1003(སྨི་64160ལྷག་ཙམ)དང་། འོད་འཁྲིད་ཚི་སྐུད་ཀྱི་སྦུག་ཤུབས་སྨི་8050བཅོས་སྒྲིག་བྱས་པ་དང་། ཟང་ཟིང་གི་གློག་སྐུད་138གཙང་སེལ་བྱས་པས་གློག་སྐུད་ཟང་ཟིང་གི་གནད་དོན་ལ་བཅོས་སྒྲིག་ནུས་ལྡན་ཐུབ་ནས་གྲོང་མི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད། རྒྱལ་ཁབ་གློག་དྲ་སྟོད་ལུང་བདེ་ཆེན་ཆུས་གློག་འདོན་ཀུང་སིའི་ཅིང་ལི་ལན་ཙེ་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ཀྱི་བླང་བྱ་གཞིར་བཟུང་རྒྱལ་ཁབ་གློག་དྲ་སྟོད་ལུང་བདེ་ཆེན་ཆུས་གློག་འདོན་ཀུང་སིས་དོན་འཁྱོལ་ཧུར་ཐག་བྱས་ནས། ཁོངས་གཏོགས་ཁུལ་གྱི་གློག་འདོན་སྒྲིག་བཀོད་རེ་རེ་བཞིན་གྲལ་བཤེར་བྱས་ཏེ། གནད་དོན་ཤེས་རྟོགས་ཐུབ་མ་ཐག་འཕྲལ་མར་བཅོས་སྒྲིག་བྱས་ཡོད། མིག་སྔའི་བར་ཁྱོན་དྲ་སྒམ་དང་འོད་འཁྲིད་ཚི་སྐུད་སྒམ་19གནས་སྤོ་དང་བཤིག་པ་དང་། འོད་འབྱེད་སྒམ་44བཅོས་སྒྲིག་བྱས་པ། གློག་ཤིང་རྙིང་པ་22བཀོག་པས། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་འགན་ལེན་ཐུབ་པ་དང་ཆབས་ཅིག ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བདེ་འཇགས་གློག་སྤྱོད་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
ཉིན་ཤས་བསྟུད་མར། གསར་འགོད་པས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལམ་མདོ་ཁག་ཏུ་ཚོན་མདོག་མངོན་གསལ་དོད་པའི་རླངས་འཁོར་འཇོག་ཐིག་སྣ་ཚོགས་འཐེན་པས། འགྲོ་འོང་བྱེད་མཁན་གྲོང་མིས་འབྲེལ་ཡོད་མཚོན་རྟགས་གཞིར་བཟུང་གོ་རིམ་ལྡན་པའི་ངང་རླངས་འཁོར་འཇོག་གི་ཡོད་པ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་སྒྲིག་བཀོད་བཅོས་སྒྲིག་གི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་ལས་དོན་པ་མེ་ཧྥུའུ་ཧའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོངས་གཏོགས་ཁུལ་དུ་རླངས་འཁོར་འཇོག་དཀའ་བའི་གནད་དོན་ལ་དམིགས་ཏེ་སྒྲིག་བཀོད་བཅོས་སྒྲིག་གི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་དམངས་བདེ་དམངས་ཕན་དམིགས་ཡུལ་དུ་བཟུང་ནས། མང་ཚོགས་ཀྱི་འགྲོ་སྐྱོད་དགོས་མཁོ་དངོས་ལ་བསམ་གཞིག་བྱས་ཏེ་ཁོངས་གཏོགས་ཁུལ་དུ་འཛུགས་དགོས་རིགས་འཛུགས་པ་དང་དབྱེ་དགོས་རིགས་དབྱེ་བའི་རྩ་དོན་གཞིར་བཟུང་ལམ་འགྲམ་གྱི་རླངས་འཁོར་འཇོག་གནས་དང་རླངས་འཁོར་འཇོག་ས་གསར་པ་བསྐྲུན་ཡོད། མིག་སྔའི་བར་རླངས་འཁོར་འཇོག་སའི་རྣམ་གྲངས་5བསྐྲུན་པ་དང་ལམ་འགྲམ་དུ་རླངས་འཁོར་འཇོག་གནས་760བསྣན་པ་དང་689སྤྱོད་འགོ་ཚུགས་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་སྒྲིག་བཀོད་བཅོས་སྒྲིག་གི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་ལས་ཀའི་ཕན་འབྲས་མངོན་གསལ་དོད་པ་དང་། སྒྲིག་བཀོད་བཅོས་སྒྲིག་ཐད་ཚད་བརྒལ་བྱུང་ནས། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་དང་ནུས་པ་དེ་བས་འཐུས་སྒོ་ཚང་བའི་སྡོད་གནས་ཁོར་ཡུག་བསྐྲུན་ཡོད་པ་རེད།