དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས། སྡོད་མལ་ལ་དེ་བས་འཚམ་པའི“སྤྱི་གླིང་གྲོང་ཁྱེར”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-18

    ཉེ་ཆར། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དུ་སྤྱི་གླིང་བསྐོར་བའི་ཚ་རླབས་ཤིག་འཕྱུར་ནས་མི་མང་པོས་སྤྱི་གླིང་དུ་འཆམ་འཆམ་དང་ལུས་སྦྱོང་བྱེད་པར་འགྲོ་བ་དང་། ཕྲུ་གུའི་དགོད་སྒྲར་ཉན་ནས་དེ་གར་རང་བྱུང་ཁམས་ཀྱི་ཉམས་སྣང་ལ་རོལ་ཏེ་ལུས་བདེ་སེམས་སྐྱིད་ཡོང་ཐབས་བྱེད་ཀྱི་ཡོད། ལུས་སེམས་ལྷོད་ལ་འབེབས་པའི་ཐབས་ཤེས་འདིར“སྤྱི་གླིང་དུ་སྐར་མ་20བསྡད་པའི་ཕན་ཡོན”ཞེས་བརྗོད།

    སྔོ་ལྗང་ནེའུ་གསིང་གིས་བརྒྱན་པའི་སྤྱི་གླིང་ནི་གྲོང་མིའི་ངལ་གསོ་ཡུལ་ཡིན་ལ། གྲོང་ཁྱེར་གྱི་རིག་གནས་མྱོང་ལེན་བྱ་ཡུལ་ཡང་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་ནས་གྲོང་ཁྱེར་གྱི་སྔོ་ཁེབས་དང་བཞའ་ཚན་མང་དུ་གཏོང་བའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་དམངས་ལ་ཕན་པ་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩར་བསྒྱུར་བ་རེད། ཉེ་ཆར། གསར་འགོད་པས་ལྷ་སའི་སྤྱི་གླིང་ཁག་ཏུ་བསྐྱོད་དེ“སྤྱི་གླིང་དུ་སྐར་མ་20བསྡད་པའི་ཕན་ཡོན”ལ་ཉམས་ལེན་བྱས་པ་ཡིན།

    སྤྱི་གླིང་བསྐོར་བའི་ཚ་རླབས་འཕྱུར་བ།

    “སྤྱི་གླིང་དུ་སྐར་མ་20བསྡད་པའི་ཕན་ཡོན”ནི《རྒྱལ་སྤྱིའི་ཁོར་ཡུག་གི་བདེ་ཐང་ཞིབ་འཇུག་དུས་དེབ》ཐོག་བཀོད་པའི་རྩོམ་ཡིག་ཅིག་ནས་ཐོན་པ་ཞིག་རེད། ཞིབ་འཇུག་ལས་མངོན་པར། ཉིན་ལྟར་ཕྱི་རོལ་དུ་དུས་ཚོད་གང་འཚམ་བསྡད་ན་སྤྲོ་སྣང་དེ་བས་ཆེ་བ་འཕེལ་བ་དང་། ལུས་སྦྱོང་མ་བྱས་ནའང་ཉིན་ལྟར་སྤྱི་གླིང་དུ་འཆམ་འཆམ་ལ་སྐར་མ་20སོང་ན་ལུས་སེམས་དེ་བས་བདེ་ལ་འཁོད་ཀྱི་ཡོད་པ་རེད།

    “ང་སྒོར་གཞས་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད། སེམས་པ་སྐྱིད་དུ་འགྲོ་བ་མ་ཟད་གཟུགས་པོར་སྦྱོང་བརྡར་ཡང་ཡོང་གི་འདུག རང་ཉིད་དགའ་ཤོས་ཀྱི་སྤྱི་གླིང་ནི་རྫོང་རྒྱབ་ཀླུ་ཁང་ཡིན། ཉིན་ལྟར་ཡོང་གི་ཡོད”ཅེས་རྫོང་རྒྱབ་ཀླུ་ཁང་དུ་ལོ་60ལ་སླེབས་པའི་མིག་དམར་གྱིས་སྒོར་གཞས་ཀྱི་འཁྲབ་ཆས་བསྡུ་གསོག་རྒྱག་བཞིན་དུ་བཤད། རྒན་ཡོལ་ཞུས་རྗེས་སྤྱི་གླིང་ནི་ཁོང་གིས་འགྲོ་མང་ཤོས་ཀྱི་ས་ཆར་གྱུར་ཡོད།

    “པར་འདི་ཡག་པོ་བརྒྱབ་འདུག ཡང་བསྐྱར་གཅིག་རྒྱོབ་དང”ལྷོ་རིའི་སྤྱི་གླིང་དུ། ཨ་ཅག་ཝང་ལགས་དང་གྲོགས་མོ་ཚོ་པར་རྒྱག་བཞིན་འདུག “ང་ཚོ་རྟག་པར་འདི་གར་ཡོང་གི་ཡོད། ཕྱི་རུ་ཕྱིན་ན་སེམས་པ་གུ་ཡངས་པོ་འདུག གཟའ་མཇུག་ཕུད་པའི་ལས་ཀའི་ཉིན་མོའི་ཉིན་དགུང་ལའང་སྐབས་རེ་སྤྱི་གླིང་དུ་འཆམ་འཆམ་ལ་འགྲོ་གི་ཡོད”ཅེས་ཨ་ཅག་ཝང་ལགས་ཀྱིས་བཤད།

    ཕྲུ་གུ་དང་འཆམ་འཆམ་བྱེད་སའི་ས་ཆ་ཡག་པོ་ཞིག

    ལྷ་སའི་གྲོང་མི་ལི་ཀྲེན་ཀྲེན་ཁྱིམ་ཚང་གི་ངོས་ནས་བརྗོད་ན། སྤྱི་གླིང་ནི་འཆམ་འཆམ་དུ་འགྲོ་ས་ཡག་པོ་ཞིག་ཡིན་པ་མ་ཟད། ནང་མི་རྣམས་སྤྲོ་གསེང་གཏོང་ས་དང་རྩེད་མོ་རྩེ་ས་གལ་ཆེན་ཞིག་དེ་བས་ཀྱང་རེད། ལི་ཀྲེན་ཀྲེན་གྱིས་གཟའ་མཇུག་སླེབས་རིམ་བཞིན་ཕྲུ་གུ་ཁྲིད་དེ་སྤྱི་གླིང་དུ་འགྲོ་རྒྱུ་གོམས་གཤིས་སུ་གྱུར་འདུག་ཅེས་གསར་འགོད་པར་བཤད།

    “སྤྱི་གླིང་དུ་སྐར་མ་20བསྡད་པའི་ཕན་ཡོན”སྐོར་ལ་ལི་ཀྲེན་ཀྲེན་གྱིས་རྒྱུས་མངའ་ཕྲན་བུ་ཡོད་ཅིང་། ཁོང་གིས་དེ་ལས་མི་རྣམས་སེམས་པ་ལྷོད་དུ་འབེབས་པའི་ཐབས་ཤེས་ཤིག་བྱུང་བ་མ་ཟད། རང་བྱུང་ཁམས་ཆེན་པོའི་ལུས་ཁམས་གསོ་བའི་ནུས་པའང་མངོན་ཡོད་ཅེས་བཤད།

    ལྷ་སའི་སྤྱི་གླིང་གི་སྐོར་གླེང་སྐབས། ལི་ཀྲེན་ཀྲེན་གྱིས་རྒྱུས་མངའ་ཆེན་པོས“ང་ཚོ་ལྷོ་རིའི་སྤྱི་གླིང་དང་། གཙང་འགྲམ་སྤྱི་གླིང་། སྟོད་ལུང་གཙང་འགྲམ་ལུས་རྩལ་སྤྱི་གླིང་སོགས་སྤྱི་གླིང་མང་པོ་ཞིག་ཏུ་འགྲོ་མྱོང་། དེ་དག་ལས་དགའ་ཤོས་ནི་གཙང་འགྲམ་སྤྱི་གླིང་ཡིན། དེ་གར་འགྲིམ་འགྲུལ་སྟབས་བདེ་ལ་ཉེ་འཁོར་གྱི་སྒྲིག་ཆས་ཅུང་འཐུས་སྒོ་ཚང་པོ་འདུག གལ་ཆེ་ཤོས་ཤིག་ནི་ད་དུང་གུར་བརྒྱབ་ནས་སྤྲོ་གསེང་གཏོང་ཆོག་པས་ནང་མི་རྣམས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།

    ལུས་སེམས་བདེ་ལ་འཁོད་པའི་འགྲོ་ས་ཡག་པོ་ཞིག

    “ཡུན་རིང་སྦུག་སུག་དོག་པའི་སེམས་པ་འདི། རང་བྱུང་ཁམས་ལ་གཏད་པས་ལྷོད་ལ་བབས”“སྤྱི་གླིང་དུ་སྐར་མ་20བསྡད་པའི་ཕན་ཡོན”ཞེས་པར་དོན་དངོས་ཐོག་ཚན་རིག་གི་གཞི་འཛིན་ས་མང་པོ་ཞིག་ཡོད། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་སེམས་ཁམས་གསོ་རིག་གི་གཙོ་བཅོས་སྨན་པ་ཁྲེན་ཁྲང་ཡིའུ་ཡིས། རང་བྱུང་ཁམས་སུ་བསྐྱོད་ན་གཟུགས་པོའི་ངལ་དུབ་དང་གནོན་ཤུགས་མངོན་གསལ་དོད་པོས་ཆུང་དུ་འགྲོ་ཡི་ཡོད། དེ་དང་ཆབས་ཅིག་རང་བྱུང་ཁམས་སུ་སླེབས་ན། དབང་རྩ་བཤངས་ནས་སེམས་པ་སྐྱིད་དུ་འགྲོ་ཡི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    ད་ཆ་ལྷ་སར་ལྷོ་རིའི་སྤྱི་གླིང་དང་། ཀྲུང་ཧྭ་རིག་གནས་སྤྱི་གླིང་། ནོར་བུ་གླིང་ཁ། གཙང་འགྲམ་སྤྱི་གླིང་སོགས་སྤྱི་གླིང་ཆེ་ཆུང་མི་འདྲ་བ་120ལྷག་ཙམ་བསྐྲུན་ཡོད་པ་དེ་དག་གྲོང་མི་འཆམ་འཆམ་དུ་འགྲོ་ས་ཡག་པོ་ཞིག་ཏུ་གྱུར་ཡོད། ཁོམ་པ་ཡོད་ན་ས་ཆ་དེ་དག་གི“སྤྱི་གླིང་དུ་སྐར་མ་20བསྡད་པའི་ཕན་ཡོན”མྱོང་ལེན་གནང་བར་ཕེབས་ཆོག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།