དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཀྲུང་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་སྟོབས་ཤུགས་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁར·ཧོ་སའེ་སི།   |     སྤེལ་དུས།  2024-04-17

    འདི་ལོའི་ཟླ་3པར། ངས་ཝ་ཧྲིང་ཐོན་ཀྲོའུ་ལིན་ཁེན་སློབ་འབྲིང་དང་སི་ཐེ་ལ་ཁུང་སློབ་འབྲིང་གི་སློབ་མ་24དང་མཉམ་དུ་ཀྲུང་གོར་དུས་ཡུན་ཉིན་11རིང་ལྟ་སྐོར་དང་སྤེལ་རེས་བྱས་པ་ཡིན། དེ་ནི་བརྗེད་པར་དཀའ་བའི་མཛའ་གྲོགས་ཀྱི་ཡུལ་སྐོར་ཞིག་རེད། ལོ་ངོ་སྟོང་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་གོར་སྐྱོད་དོན་ནི་ཨ་རིའི་གཞོན་ནུ་ཚོར་བག་ཆགས་ཟབ་མོ་འཇོག་ཆེད་ཡིན། ད་ཐེངས་ཀྱི་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་པ་མ་ཟད། ང་ཚོས་ཀྲུང་གོ་ཤེས་རྟོགས་ཐུབ་ཚད་དེ་བས་ཟབ་ཏུ་ཕྱིན་ཏེ་ལིན་ཁེན་སློབ་འབྲིང་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་གཏམ་རྒྱུད་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།

    2023ལོའི་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གཏམ་བཤད་གནང་སྐབས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་རྒྱ་ཆེར་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་ཀྱི་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ཉན་རྗེས་སྤེལ་རེས་རྣམ་གྲངས་དེའི་ནང་ཞུགས་ཐུབ་པའི་རེ་སྒུག་བྱས་པ་ཡིན། ངའི་འདུན་པ་མགྱོགས་མྱུར་མངོན་འགྱུར་བྱུང་བ་དང་ལིན་ཁེན་སློབ་འབྲིང་རྣམ་གྲངས་འདིའི་ནང་ཞུགས་སྔ་ཤོས་ཀྱི་སློབ་གྲྭའི་གྲས་སུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལིན་ཁེན་སློབ་འབྲིང་དང་སི་ཐེ་ལ་ཁུང་སློབ་འབྲིང་གི་དགེ་སློབ་ཚོར་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་ནས་ཚང་མར་ཡུལ་སྐོར་གྱི་སྤྲོ་སྣང་སྦྱིན་པར་ཐུགས་རྗེ་ཆེ་ཞུ་གི་ཡིན།

    ད་ཐེངས་ཀྲུང་གོར་ཡུལ་སྐོར་བྱས་པའི་གྲུབ་འབྲས་ཆེ་ཤོས་ནི་མཛའ་གྲོགས་ཟབ་ཏུ་ཕྱིན་སོང་། ཨ་རིའི་སློབ་མ་དང་ཀྲུང་གོའི་སློབ་མའི་དབར་མཛའ་གྲོགས་མཉམ་འགུལ་དང་སྤེལ་རེས་གཏིང་ཟབ་བྱས་ཡོད། ཁོང་ཚོ་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་མོད། འོན་ཀྱང་ཐུན་མོང་གི་དགའ་ཕྱོགས་དང་། མྱོང་བ་གཅིག་མཚུངས། ཐུན་མོང་གི་བརྩེ་སེམས་བཅས་ཡོད། ཁོང་ཚོས་ཕན་ཚུན་སྐད་འཕྲིན་བཞག་རེས་བྱས་ནས་གྲོགས་པོ་སྒྲིག་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཁོང་ཚོས་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་ཐུབ་པའི་ཡིད་ཆེས་ཡོད། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚོར་ཐུག་འཕྲད་དང་མཉམ་འགུལ་གྱི་གོ་སྐབས་བྱུང་ཚེ་ཁོང་ཚོར་ཐུན་མོང་གི་དགའ་ཕྱོགས་བྱུང་བ་དང་འབྲེལ་འགལ་རྐྱེན་ལས་བསྒྲལ་ཏེ་འབྱུང་འགྱུར་ལ་ཕྱོགས་པའི་བསམ་འདུན་ཐུན་མོང་ཐོག་གཏོད་ཐུབ་རྒྱུ་རེད།

    ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་སློབ་མས་ཕན་ཚུན་མྱོང་རོལ་དང་། མཛའ་གྲོགས་སྤེལ་རེས། གྲོགས་པོ་སྒྲིག་པ་བཅས་ངས་མིག་མཐོང་ལག་ཟིན་བྱུང་། ཨ་ཀྲུང་གི་གཞོན་ནུ་ལོ་ཆུང་དབར་ཆགས་པའི་མཛའ་གྲོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་ཕན་ཚུན་བསམ་ཤེས་ལ་སྐུལ་འདེད་ཐེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྒྱ་ཁྱབ་འབྲེལ་གཏུག་ལ་ལེགས་སྐྱེས་འབུལ་ཐུབ་རྒྱུ་མ་ཟད། ཨ་ཀྲུང་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་སྟོབས་ཤུགས་སྣོན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    (རྩོམ་པ་པོ་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཐ་ཁོའོ་མཱ་གྲོང་ཁྱེར་ལིན་ཁེན་སློབ་འབྲིང་གི་སློབ་སྤྱི)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།