དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་འཕེལ་རྒྱས་ལ་གཞོལ་བ།

    ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་ཆེན་སྐབས་གསུམ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-16

    ཀྲུང་གོའི་ཨ་ཧྥེ་རི་ཁ་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་ཆེན་སྐབས་གསུམ་པ་ཟླ་4ཚེས་9ཉིན་པེ་ཅིང་དུ་འཚོགས་པ་དང་། ད་རེས་ཀྱི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། “རྒྱུན་འཛིན་དང་། མཉམ་སྤྱོད། འཕེལ་རྒྱས་བཅས་ཀྱི་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པར་ཕྱོགས་དགོས”ཞེས་པ་དེ་ཡིན་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ཀྱི་འཐུས་མི། ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་སོགས་མཉམ་དུ་འཛོམས་ཏེ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་དུ་འཕེལ་རྒྱས་ཡོང་བར་ཐབས་འདོན་ཇུས་འབུལ་བྱས་ཡོད།

    “ད་རེས་ཀྱི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ལས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཐུན་མོང་གི་རེ་སྒུག་དང་འདུན་པ་མངོན་ཡོད། ད་ཆ་རྙོག་འཛིང་ཆེ་བའི་འཛམ་གླིང་གི་དུས་བབ་ཀྱི་མདུན་དུ་ཤེས་དཔལ་མི་འདྲ་བའི་དབར་སྐད་ཆ་ཤོད་རེས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། སྤེལ་རེས་དང་སྐད་ཆ་ཤོད་རེས་བྱས་ཚེ་ཕན་ཚུན་དབར་རྒྱུས་ལོན་ཚད་ཟབ་ཏུ་འགྲོ་ཐུབ”ཅེས་ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་འཐུས་ཚབ་ཁྲུའི་རྒྱུན་སྡོད་འཐུས་མི་ཨོ་སི་མན་གྱིས་བརྗོད་པ་དང་། ཁོང་གིས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་གཉིས་ཀ་ཤེས་དཔལ་དར་ཡུལ་གལ་ཆེན་ཞིག་ཡིན་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཡུན་རིང་ཁྲོད་འཕེལ་རྒྱས་གསར་པ་བྱུང་ཡོད། དེ་ནི་ཆུ་ཚད་མཐོ་བའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་སྟོབས་ཤུགས་འབྱུང་ཁུངས་གལ་ཆེན་ཞིག་རེད་ཅེས་བརྗོད།

    “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་དང་འཕེལ་རྒྱས་ཀྱི་ལམ་བུ་སྔར་བས་ཇེ་ཡངས་སུ་སོང་བ་དང་། ཕྱོགས་གཉིས་པོའི་མི་དམངས་དབར་གྱི་སེམས་པ་སྔར་བས་ཉེ་རུ་དང་མཛའ་གཅུགས་སྔར་བས་ཟབ་ཏུ་ཕྱིན་ཡོད”ཅེས་ཀྲུང་གོ་སྲིད་གཞུང་གི་ཨ་ཧྥེ་རི་ཁའི་ལས་དོན་གྱི་དམིགས་བསལ་འཐུས་མི་ལིའུ་ཡུས་ཞི་ཡིས་བརྗོད་པ་དང་། ཁོང་གིས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཁྱབ་པུའི་ཐོག་བརྩེགས་ཁང་ཆེན་སྤྱོད་འགོ་ཚུགས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཧྲེང་ཕེ་ཏེ་ལུའོ་ལུས་རྩལ་ཐང་གིས་ཁོ་ཐེ་ཏི་ཝོར་གྱིས་2024ལོའི་ཨ་ཧྥེ་རི་ཁ་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བདེ་བླག་ངང་གཉེར་རྒྱུར་རམ་འདེགས་བྱས་པ་མ་ཟད། ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་དང་། ལྷོ་ཨ་ཧྥེ་རི་ཁའི་ཚ་ལུ་མ་སོགས་ཨ་ཧྥེ་རི་ཁའི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ནང་འདྲེན་བྱེད་པ་སོགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་ལས་བྱུང་བའི་གྲུབ་འབྲས་ཁ་ཡོད་ལག་ཡོད་ཅིག་ཡིན་པ་དེས་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད་ཅེས་བརྗོད།

    “ཤེས་དཔལ་སྤེལ་རེས་བྱས་ཚེ་མིའི་རིགས་མཉམ་དུ་ཡར་རྒྱས་ཡོང་ཐུབ”ཅེས་ལྷོ་ཨ་ཧྥེ་རི་ཁའི་ཀྲི་ལི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་སྤེལ་རེས་ཇུས་འདོན་ཚོགས་པའི་སྲོལ་གཏོད་པ་ཐན་ཀྲི་ལི་ཡིས་དུས་ཡུན་རིང་པོར་ཀྲུང་གོའི་འཕེལ་རྒྱས་ལ་དོ་སྣང་བྱས་ཚུལ་བརྗོད་ཅིང་། ཁོང་གིས་དངོས་ཡོད་དང་། མཛའ་མཐུན། ཟོལ་མེད་བཅས་ཀྱི་སྒོ་ནས་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་ཀྱི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་གནད་དོན་མང་པོ་ཐག་གཅོད་བྱེད་པར་ཕུལ་བའི་བློ་གྲོས་དང་ཇུས་གཞི་ཞིག་ཡིན་ལ། ཀྲུང་གོ་དང་འཛམ་གླིང་གིས་ཤེས་དཔལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱས་པའི་མཚོན་ཚུལ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས།

    ཚོགས་འདུར་ཞུགས་མཁན་སྐུ་མགྲོན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་མཛའ་གྲོགས་རྒྱུན་འཛིན་ཁྲོད་ལོ་རྒྱུས་ཀྱི་སྙིང་བཅུད་བླངས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པའི་འགྲོ་ལམ་ཞིག་ཟམ་མི་ཆད་པར་གཏོད་པར་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་རྒྱུ་ཡིན་ལུགས་གཅིག་མཇུག་གཉིས་མཐུད་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།