རིམ་རྩིས་བརྒྱབ་ན་མང་ཚོགས་དུང་ཕྱུར་ལ་ཉེ་བར་ཕན་པ་ཐོབ་པ་དང་མི་རེར་ཆ་སྙོམས་སྒོར་བརྒྱད་སྟོང་ཙམ་གྱི་ཁུར་པོ་ཡང་དུ་ཕྱིན་པ།
ནད་ཆེན་འགན་བཅོལ་གྱི་རྩིས་ཞུ་ཇི་ལྟར་བྱེད་དགོས་སམ།
ཁྱིམ་ཚང་དུང་ཕྱུར་མང་པོར་སྨན་རིན་ལས་བྱུང་བའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་གཏོང་ཆེད། རྒྱལ་ཁབ་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ལམ་ལུགས་གསུམ་གྱི་ཕྱོགས་བསྡུས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་སྨན་རིན་གྱི་ཁུར་པོ་རིམ་བཞིན་ཡང་དུ་བཏང་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ(གཤམ་དུ“ནད་ཆེན་འགན་བཅོལ”ཞེས་བསྡུ་རྒྱུ)ནི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་རྨང་གཞིའི་ཐོག་ནད་ཆེན་ཕོག་པའི་ནད་པའི་སྨན་རིན་མཐོ་པོ་སྔར་བས་འགན་སྲུང་བྱེད་པའི་ལམ་ལུགས་ཤིག་རེད།
ནད་ཆེན་གྱི་སྨན་རིན་མཐོ་བའི་གནས་ཚུལ་ཐོན་སྐབས་ནད་ཆེན་འགན་བཅོལ་གྱིས་ཁྱིམ་ཚང་དུང་ཕྱུར་མང་པོ་དཀའ་གནད་ལས་སྒྲོལ་རོགས་བྱས་ཡོད་མོད། འོན་ཀྱང་འགན་བཅོལ་ནང་ཞུགས་མཁན་མི་ཉུང་བ་ཞིག་གིས་ལམ་ལུགས་དེར་རྒྱུས་མངའ་དེ་ཙམ་མེད། སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་གནད་དོན་ལ་དམིགས་ཏེ། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཉིན་ཤས་གོང་དེའི་སྐོར་ལ་ལན་ཞིབ་ཕྲ་བརྒྱབ་ཡོད་པ་སྟེ།
འགན་བཅོལ་ནང་ཞུགས་པར་ལོགས་སུ་རེ་ཞུ་བྱེད་མི་དགོས་པ།
དྲི་བ། ནད་ཆེན་འགན་བཅོལ་ཇི་ལྟར་བྱས་ནས་རེ་ཞུ་བྱེད་དགོས་པ་དང་འགན་བཅོལ་དངུལ་ཇི་ལྟར་བྱས་ནས་འཇལ་དགོས་སམ།
དྲིས་ལན། ལམ་ལུགས་བཙུགས་པ་ནས་བཟུང་། ནད་ཆེན་འགན་བཅོལ་ལམ་ལུགས་ནང་ཞུགས་པར་ལོགས་སུ་རེ་ཞུ་བྱེད་མི་དགོས་པ་དང་། གྲོན་དངུལ་འཇལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཚང་མ་ནད་ཆེན་འགན་བཅོལ་ནང་ཞུགས་པའི་ཁོངས་སུ་གཏོགས་པས་ལོགས་སུ་གྲོན་དངུལ་འཇལ་དགོས་ཀྱི་མེད།
ནད་ཆེན་འགན་བཅོལ་ལམ་ལུགས་2012ལོར་ཚོད་ལྟ་བྱེད་འགོ་ཚུགས་པ་དང་2015ལོ་ནས་བཟུང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཆ་འཕྲིན་ལས་མངོན་པར། ལོ་10ལྷག་ཙམ་རིང་རིམ་རྩིས་བརྒྱབ་ན་ནད་ཆེན་འགན་བཅོལ་གྱིས་ནད་པ་དུང་ཕྱུར་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། 2023ལོ་ཁོ་ནར་ནད་ཆེན་འགན་བཅོལ་གྱི་རྩིས་ཞུ་ལོངས་སྤྱོད་བྱེད་མཁན་མི་ཁྲི་1156ཟིན་པ་དང་མི་རེའི་ཆ་སྙོམས་ཀྱི་ཁུར་པོ་སྒོར་8000ཙམ་ཡང་དུ་ཕྱིན་པ་མ་ཟད། རྩིས་ཞུ་བྱེད་མང་ཤོས་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་གྱི་ཡོད་པ་རེད།
དཔེ་ཞིག་གི་ཐོག་ནས་ནད་ཆེན་འགན་བཅོལ་གྱི་ནུས་པ་གསལ་བཤད་བྱེད་ཐུབ་པ་སྟེ། འདི་ལོའི་ལོ་སྟོད་དུ། ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་ཡུའེ་ཤིས་རྫོང་དུ་ལོ་37ལ་སླེབས་པའི་སྐུ་ཞབས་ཁྲུའུ་ལགས་གློ་བུར་དུ་སྙིང་ནད་ལངས་ཏེ་དྲན་པ་ཐོར་བས་མཚན་མོ་དེ་རང་དུ་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ། སྨན་ཁང་དུ་སླེབས་རྗེས་གཤགས་བཅོས་ཀྱི་སྨན་རིན་མཐོ་བས་ནང་མིར་སེམས་ཁྲལ་དང་དངངས་སྐྲག་ཆེན་པོ་བྱུང་བ་རེད། གྲོང་ཚོའི་སྨན་བཅོས་འགན་བཅོལ་གྱི་ཆེད་བསྐོས་ལས་བྱེད་པས་གནས་ཚུལ་དེ་ཤེས་རྗེས་ཁོང་ཚོར་སེམས་ཁྲལ་བྱེད་མི་དགོས། གང་ལགས་ཤེ་ན། སྨན་བཅོས་འགན་བཅོལ་ཡོད་པ་དང་ད་དུང་ནད་ཆེན་འགན་བཅོལ་ནས་སྨན་རིན་རྩིས་ཞུ་བྱེད་ཆོག་གི་རེད་ཅེས་བཤད། སྐུ་ཞབས་ཁྲུའུ་ལགས་སྨན་ཁང་དུ་སྡོད་རིང་གི་སྨན་རིན་དེ་སྨན་བཅོས་འགན་བཅོལ་གྱི་རིམ་གསུམ་ལམ་ལུགས་ཀྱིས་2/3ཙམ་རྩིས་ཞུ་བྱས་པ་དེའི་ནང་ནད་ཆེན་འགན་བཅོལ་རྩིས་ཞུའི་གྲངས་འབོར་གྱིས་མང་ཆེ་བ་བཟུང་ནས་ཁྱིམ་ཚང་དེའི་དཔལ་འབྱོར་གྱི་ཁུར་པོ་ཧ་ཅང་ཡང་དུ་བཏང་ཡོད།
དཀའ་ངལ་ཡོད་པའི་མི་ཚོགས་ལ་དམིགས་ཏེ་སྨན་རིན་རྩིས་ཞུའི་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཡོད།
དྲི་བ། ནད་ཆེན་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་ཇི་ལྟར་ཡིན་ནམ།
དྲིས་ལན། མིག་སྔར། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ནད་ཆེན་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་དེ་རྩ་དོན་ཐོག་སྤྱི་འདོམས་ས་ཁུལ་གྱི་གྲོང་མིའི་ལོ་གོང་མའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་50%ལས་མཐོ་མི་རུང་བ་དང་གཏོང་སྤྲོད་བསྡུར་ཚད་60%ལས་དམའ་མི་རུང་། གྲོང་མིའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་བསྡོམས་པའི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་རྩ་དོན་ཐོག་ས་གནས་དེ་གའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་6ཡས་མས་ཡིན་པ་རེད།
དཀའ་ངལ་ཡོད་པའི་མི་ཚོགས་ལ་དམིགས་ཏེ་རྒྱལ་ཁབ་ཀྱིས་ནད་ཆེན་འགན་བཅོལ་རྩིས་ཞུའི་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་གནད་སྨིན་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཡོད། མ་མཐའི་འགན་བཅོལ་མི་སྣ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབུལ་ལོག་དང་དབུལ་པོར་གྱུར་པའི་མི་སྣ་བཅས་ལ་ནད་ཆེན་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་50%བར་དམའ་རུ་གཏོང་བ་དང་། གཏོང་སྤྲོད་བསྡུར་ཚད་བརྒྱ་ཆའི་གྲངས་5མཐོ་རུ་བཏང་བ་མ་ཟད། གཏོང་སྤྲོད་མཐོ་ཤོས་ཀྱི་ཚད་བཀག་མེད་པར་བཟོས་ཡོད།
མིག་སྔར་བྱིས་པའི་ཁྲག་རིལ་དཀར་པོའི་ནད་དང་། ལྷན་སྐྱེས་སྙིང་ནད། གློ་སྐྲན་སོགས་སྨན་རིན་ཧ་ཅང་མཐོ་བའི་ནད་ཆེན་ཚུད་པའི་གཏན་འབེབས་དང་མཐུན་པ་ཚང་མ་ནད་ཆེན་འགན་བཅོལ་བརྒྱུད་རྩིས་ཞུ་བྱེད་ཆོག་གི་ཡོད།
དྲི་བ། ནད་ཆེན་འགན་བཅོལ་ཇི་ལྟར་བྱས་ནས་རྩིས་རྒྱག་དགོས་སམ།
དྲིས་ལན། གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་དང་སྨན་རྫས་སྒྲིག་གཞིར་ཐོན་པའི་སྨན་རིན་ཚང་མ་ནད་ཆེན་འགན་བཅོལ་འགྲོ་གྲོན་ནང་ཚུད་རིགས“གཅིག་འཐུས་རྣམ་པའི”རྩིས་རྒྱག་མངོན་འགྱུར་བྱུང་བའི་ས་གནས་སུ་དུས་ཐོག་ཏུ་རྩིས་རྒྱག་ཆོག་པ་དང་རང་འགུལ་གྱིས་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པས་ཆེད་མངགས་རེ་ཞུ་བྱེད་དགོས་མེད།
སྤྱི་འདོམས་ས་ཁུལ་90%ཡན་གྱིས་སྲིད་གཞུང་ནས་ཚོང་ལས་འགན་བཅོལ་ཉོས་ནས་ནད་ཆེན་འགན་བཅོལ་གྱི་ལས་སྒོ་གཉེར་གྱི་ཡོད།
དྲི་བ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་ཡོད་ཚེ། ད་དུང་ལོགས་སུ་ཚོང་ལས་འགན་བཅོལ་གྱི་ནད་ཆེན་འགན་བཅོལ་ཉོ་དགོས་སམ།
དྲིས་ལན། ནད་ཆེན་འགན་བཅོལ་ལམ་ལུགས་བཙུགས་མ་ཐག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཁྲོམ་ར་དེའི་ནང་ཞུགས་པར་སྐུལ་མ་གཏོང་བ་དང་ཚོང་ལས་འགན་བཅོལ་སྒྲིག་གཞིས་སྒྲུབ་འགན་འཁུར་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། སྨན་བཅོས་འགན་བཅོལ་གྱི་སྤྱི་ཚོགས་དང་ཚོང་ལས་མཉམ་ལས་བྱེད་སྟངས་གསར་པ་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། མིག་སྔར་སྤྱི་འདོམས་ས་ཁུལ་90%ཡན་གྱིས་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་བརྒྱུད་ཚོང་ལས་འགན་བཅོལ་ཀུང་སིར་ནད་ཆེན་འགན་བཅོལ་གྱི་ལས་སྒོ་སྒྲུབ་འགན་འཁུར་དུ་བཅུག་པས། ཚོང་ལས་འགན་བཅོལ་ཁྲོམ་རའི་གསོན་ཤུགས་འཕེལ་བ་མ་ཟད། ནད་ཆེན་འགན་བཅོལ་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད།
འགན་བཅོལ་གྱི་ནུས་པ་ནི་ཉེན་ཁ་སྔོན་འགོག་བྱེད་པ་དེ་ཡིན། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་ཕུད། འགན་བཅོལ་ནང་ཞུགས་མཁན་ལ་ཚོང་ལས་འགན་བཅོལ་ཁ་གསབ་བྱེད་དགོས་མིན་ནི་མི་སྒེར་གྱི་བློ་འདོད་དང་དཔལ་འབྱོར་འཁོས་དཔག་ལ་ལྟ་དགོས། ལོ་ཤས་རིང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ས་གནས་ཁག་གི་དོ་དམ་ཞབས་ཞུའི་ལམ་སྲོལ་གསར་གཏོད་ལ་ལྕག་སྐུལ་བྱས་པས་ས་གནས་ཁག་གཅིག་གི་འཚོལ་ཞིབ་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད།
དཔེར་ན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་གྱིས“སྲིད་གཞུང་ཕན་ནུས་ལྡན་པ་དང་། ཚོང་ལས་འགན་བཅོལ་གྱིས་སྒྲུབ་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པ”བཅས་ཀྱི་ནད་ཆེན་འགན་བཅོལ་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ནད་ཆེན་འགན་བཅོལ་དང་ཚོང་ལས་འགན་བཅོལ་ཀུང་སིའི་དབར་གྱི་གྲོང་ཁྱེར་གྱི་གཏན་འཁེལ་རྣམ་པའི་ཚོང་ལས་འགན་བཅོལ་མཉམ་འདྲེས་བྱས་ཏེ། ནད་ཆེན་འགན་བཅོལ་གཞི་རྩའི་འགན་བཅོལ་གྲོན་དངུལ་གྱི་རྨང་གཞིའི་ཐོག་མི་སྒེར་གྱི“རང་དགར་བདམས་ནས་འགན་བཅོལ་འཇལ་བའི”ལམ་སྲོལ་གསར་གཏོད་བྱས་པས། “མང་པོ་འཇལ་ན་མང་ཙམ་ཐོབ་པ་དང་བསྟུད་མར་འཇལ་ན་མང་པོ་ཐོབ་རྒྱུ”མངོན་འགྱུར་བྱུང་ཡོད། 2023ལོའི་ལོ་མཇུག་བར། ཅིན་ཧྭ་གྲོང་ཁྱེར་གྱི་ནད་ཆེན་འགན་བཅོལ་གྱིས་རིམ་རྩིས་བརྒྱབ་ན་མི་ཁྲི་64.53གྱི་ཁུར་པོ་སྒོར་དུང་ཕྱུར་75.84ཡང་དུ་བཏང་བ་དང་། རྩིས་ཞུའི་དངུལ་འབོར་སྒོར་ཁྲི་20ཡན་ཟིན་པའི་མི་1798ཡོད་པ་རེད།