དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་དུ་འགྲེམས་རྫས་གསར་པས་ཁེངས་པ།

    ཚོང་འགུགས་མ་འདྲེན་གྱི་གན་འཇོག་རྣམ་གྲངས་ཀྱི་གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་5.14ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-16

    འདི་ནི་བོད་ཀྱིས་ཐོན་སྐྱེད་བྱས་པའི་རྒུན་ཆང་ཐོན་རྫས་ཡིན་པ།

    འདི་ནི་ཚོང་པས་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྒྱུས་ལོན་བྱེད་བཞིན་པ།

    འདི་ནི་རྒྱལ་ནང་གི་ཁྱད་ལྡན་དར་སོ་ཆེ་བའི་ཐོན་རྫས་འགྲེམས་ཁུལ་བོད་ལྗོངས་འགྲེམས་སྟེགས་ནས་པར་བླངས་པའི་ཨ་ལད་པད་གོག་ཡིན་པ།

    ཟླ་4ཚེས་13ཉིན། ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་མཛེས་སྡུག་ལྡན་པའི་བེ་ཏའི་གྲོང་ཧའེ་ཁོའུ་རུ་འགོ་ཚུགས་ཤིང་། འགྲེམས་སྟོན་ཁང་ཨང་6པའི་འགྲེམས་གནས་6T02སུ་གནས་པའི་བོད་ལྗོངས་འགྲེམས་ཁང་དུ་མི་ཚོགས་ཀྱིས་ཁེངས་ཡོད།

    སྐབས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་ཐོག བོད་ལྗོངས་འགྲེམས་ཁང་གིས“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་སྐོར། ལག་གདང་སྦྲེལ་ནས་རྒྱང་ལམ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་27གྱི“གྲགས་ཁྱད་ལེགས་གསར”ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

    རོང་པོ་བོད་སྨན་འགྲེམས་སྟེགས་ཀྱི་མདུན་དུ་བོད་ལྗོངས་རོང་པོ་བོད་སྨན་ཚད་ཡོད་ཀུང་སིའི་ཕྱིར་ཚོང་པ་ཚུལ་ཁྲིམས་དབང་མོས་འགྲེམས་སྟོན་ལ་ལྟ་བར་ཡོང་མཁན་སྐུ་ཞབས་ཁྲེན་ལགས་ལ་རུས་ཟུག་བདེ་སྐྱེད(སྨན་སྤྱོད་དཀག་སྤྱིན)ཚོད་ལྟ་བྱེད་བཞིན་ཡོད་པ་རེད། སྐུ་ཞབས་ཁྲེན་ལགས་ཀྱིས་གསར་འགོད་པར“རུས་ཟུག་བདེ་སྐྱེད་བེད་སྤྱོད་བྱས་རྗེས་ངའི་སྐེ་དང་འཇིང་པ་ཧ་ཅང་བདེ་རུ་ཕྱིན་སོང”ཞེས་བཤད།

    ཚུལ་ཁྲིམས་དབང་མོས“ད་ཐེངས་ནི་ང་ཚོ་འཛད་རྫས་འགྲེམས་སྟོན་ལ་ཞུགས་ཐེངས་གསུམ་པ་ཡིན། དེ་སྔོན་སྐབས་གཉིས་ཀྱི་འགྲེམས་སྟོན་ལ་ཞུགས་པའི་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་། ད་ཐེངས་ང་ཚོས་བྲིན་ཁ་རྒྱུག་པའི་ཐོན་རྫས་རིགས་ལྔ་འཁྱེར་ཡོད་པའི་ནང་རོང་པོའི་བསིལ་ཁབ་དང་། རུས་ཟུག་བདེ་སྐྱེད་སོགས་ཐོན་རྫས་ཀྱིས་འགྱེལ་རྨས་བྱུང་བ་དང་གྲུམ་ནད་སོགས་ལ་ནུས་པ་ཆེན་པོ་ཐོན་གྱི་ཡོད། འཛད་རྫས་འགྲེམས་སྟེགས་ལ་བརྟེན་ནས་མི་དེ་བས་མང་བས་ང་ཚོའི་ཐོན་རྫས་ཤེས་རྟོགས་ཐུབ་པ་དང་དུས་མཚུངས། མཉམ་ལས་ཚོང་ཤག་དང་ཉོ་སྒྲུབ་ཚོང་པ་ཡག་ པོ་དེ་བས་མང་བ་ཞིག་རྙེད་རྒྱུའི་རེ་བ་ཡོད”ཅེས་བཤད།

    འཛད་རྫས་དངོས་མང་སྟོན་ཚོགས་སུ་གོ་ལ་ཧྲིལ་པོའི་འཛད་རྫས་རྩེ་གྲ་འདུས་པ་དེ་ནི་ཀྲུང་གོས་སྐྱེད་སྲིང་བྱས་པ་དང་བཏོད་པའི་གོ་ལ་ཧྲིལ་པོའི་འཛད་རྫས་རྩེ་གྲ་འགྲེམས་སྟོན་ཉོ་ཚོང་ལས་སྟེགས་ཤིག་ཡིན་པ་དང་། རང་ལྗོངས་ཀྱི“གྲགས་ཁྱད་ལེགས་གསར”ཐོན་རྫས་ཀྱིས་འཛད་སྤྱོད་པར་སྤུས་དག་གི་ཐོན་རྫས་གདམ་ག་དེ་བས་མང་པོ་ཡོང་བར་བྱས་ནས་སྣ་མང་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་སྐོང་ཐུབ་པ་མ་ཟད། ད་དུང་བོད་ཀྱི་ཐོན་རྫས་དྲིལ་བསྒྲགས་དང་ཕྱིར་ཚོང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས“སྐབས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་ལ་ང་ཚོས་ཐོན་རྫས་200ལྷག་ཙམ་འགྲེམས་སྟོན་བྱས་པ་ཡིན་འདིའི་ནང་་ཚང་མས་རྒྱུས་མངའ་ཡོད་པའི་ནས་ཀྱི་ཐོན་རྫས་དང་། ཚགས་ཤའི་བཟོས་རྫས། དབྱར་རྩྭ་དགུན་འབུ། རང་བྱུང་སྦྲང་རྩི་སོགས་ཡོད་པ་མ་ཟད། ད་དུང་ཨ་རག་དམར་པོ་དང་། ཇ་ལོ། མི་རིགས་ལག་ཤེས་ཐོན་རྫས་སོགས་ཀྱང་ཡོད། ད་ཐེངས་ཀྱི་འཛད་རྫས་དངོས་མང་སྟོན་ཚོགས་ལ་བརྟེན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དང་སྤུས་རྟགས་འཛུགས་སྐྱོང་ཐད་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། བོད་ཀྱི་ཐོན་རྫས་བོད་ནས་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    བོད་ཀྱི་དྲིལ་བསྒྲགས་འོས་སྦྱོར་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་ཆེད། འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་ལས་སྟེགས་ལ་བརྟེན་ནས་ཚེས་14ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་ཧའེ་ནན་ཧའེ་ཁོའུ་རུ་འཚོགས་པ་དང་། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ས་གནས་ས་ཐོག་གི་གན་འཇོག་ནང་ལྗང་མདོག་ཨར་ལས་རྒྱུ་ཆ་དང་ནུས་རྒྱུ་གཙང་མའི་རིགས་ཀྱི་རྣམ་གྲངས་གཉིས་ཚུད་ཡོད་པ་དང་གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་5.14ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།