སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཆེད། ཏང་ཀྲུང་དབྱང་གི་མོས་མཐུན་ཐོབ་པ་བརྒྱུད། 2024ལོའི་ཟླ་4པ་ནས་ཟླ་7པའི་བར། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཡིན་ཞེས་བསྟན་ཡོད། ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།
སྒྲིག་ཁྲིམས་དམ་པོ་ནི་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་དམིགས་བསལ་གྱི་ལེགས་ཆ་ཞིག་རེད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་ལས་འགན་ཕྲག་ཏུ་འཁུར་ཡོད་ལ། མདུན་སྐྱོད་ཀྱི་ལམ་བུར་རླུང་དམར་དྲག་པོ་དང་ཐ་ན་འཇིགས་སུ་རུང་བའི་རྦ་རླབས་ཀྱི་འགྲན་སློང་གལ་ཆེན་ཡང་འཕྲད་ཡོད། ཏང་ལ་འཕྲད་པའི་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ་དང་ཕྲག་ཏུ་འཁུར་བའི་ལས་འགན་ཇི་ཙམ་གྱིས་དཀའ་ཚེགས་ཆེ་ན་སྒྲིག་ཁྲིམས་འཛུགས་སྐྱོང་ལ་དེ་ཙམ་གྱིས་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་གི་མཐུན་སྒྲིལ་ལ་དེ་ཙམ་གྱིས་སྲུང་སྐྱོང་བྱས་ཏེ་ཏང་ཡོངས་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་པར་འགན་ལེན་ཏན་ཏིག་བྱེད་དགོས། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་སྔར་བས་ཟབ་ཏུ་བཏང་སྟེ། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་ལ་སྲུང་བརྩི་ཞུ་བའི་རང་རྟོགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་དམ་པོར་བརྟེན་ནས་ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་དང་། གང་སྒྲུབ་གང་འགོག་དང་གང་གསུང་དེ་སྒྲུབ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ཡག་པོ་བྱས་ནས་སྤེལ་ཏེ་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཁྲིད་སྟོན་དང་འགོ་ཁྲིད་ལས་བྱེད་པས་དབང་ཆའི་ལྟ་བ་ཡང་དག་བཙུགས་ཏེ་དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་ལ་ལྟ་སྐུལ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས་ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་སྲོལ་དང་སྒྲིག་ཁྲིམས་སེམས་ལ་མི་འཇོག་པ་དང་། རྒྱུས་མངའ་མེད་པ། ཁོང་དུ་མ་ཆུད་པ་སོགས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་པར་དམིགས་ཏེ། ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས《སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ནས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པ་དང་གང་ཞིག་ནི་ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་ཡིན་པ་གསལ་པོ་ཤེས་པ། གང་ཞིག་བྱེད་འོས་པ་དང་གང་ཞིག་བྱེད་མི་འོས་པ་ཤེས་པ། སྒྲིག་ཁྲིམས་སྲུང་རྒྱུ་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བའི་རྩ་དོན་དུ་བཟུང་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ལ་སྔར་བས་ཤུགས་སྣོན་དང་རང་ངོས་འཆུན་འདོམས་ལ་སྔར་བས་ཤུགས་སྣོན། རུལ་འགོག་ནུས་པ་སྔར་བས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱེད་དགོས།
སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་རེད། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རིམ་ཁག་ཏང་རྩ་འཛུགས་འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་ཏང་ཡོན་ལས་བྱེད་པས་སྤུས་ཚད་མཐོ་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་སྒྲུབ་པར་སྐུལ་འདེད་བཏང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ཟབ་ཏུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བཟུང་ནས་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཏང་ལ་དོ་དམ་དང་ཏང་སྐྱོང་བའི“གཅུན་ལྕག”ཡིན་པའི་སྒྲིག་ཁྲིམས་འདི་ཡག་པོ་སྤྱད་དེ་ཏང་ཡོངས་ཀྱིས་རང་རྟོགས་ངང་ཏང་གི་སྒྲིག་ལམ་དང་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ཡོ་བསྲང་བྱས་ན། ཏང་འཛུགས་སྐྱོང་སྔར་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འགྱུར་ངེས་རེད།