ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མེད་ན། དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཡོང་མི་སྲིད། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ནི་ཆ་མི་ཚང་བ་ཞིག་རེད། བོད་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། 90%ཡན་གྱི་རྒྱལ་ཁབ་ཀྱི་ས་ཆ་ནི་ཞིང་འབྲོག་ཁུལ་ཡིན་པ་དང་། མི་འབོར་གྱི་བཅུ་ཆ་བདུན་ནི་ཞིང་འབྲོག་པ་ཡིན་པས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་མེད་ན་བོད་ཀྱི་དེང་རབས་ཅན་ཡོང་མི་སྲིད།
ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེ་འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་ཡོད་ལ། རིག་གནས་རྒྱུན་འཛིན་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་དང་ཡང་འབྲེལ་བ་ཡོད་པས། དེ་ནི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་བ། ཐུན་མོང་འབྱོར་ཕྱུག་མངོན་འགྱུར་ཡོང་བ་བཅས་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཞིང་འབྲོག་ཁུལ་དར་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་པ་ཕྱུག་པོ་ཆགས་པ་བཅས་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་གཏོད་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་འབོར་གྱི་བསྡུར་གྲངས་མང་ཆེ་བ་བཟུང་བའི་ཞིང་འབྲོག་པར་སྔོན་ལ་ཕན་པ་ཐོབ་པ་དང་། ཐད་ཀར་ཕན་པ་ཐོབ་པ། ཡོངས་ཁྱབ་ཕན་པ་ཐོབ་པ་བཅས་གང་མགྱོགས་མངོན་འགྱུར་ཡོང་བ་བྱེད་དགོས།
ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ནས། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། “ཞིང་གསུམ”གྱི་གཏོང་ཆ་གཏོང་ཤུགས་བརྟན་པོའི་ངང་འཕར་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་པར་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “ཞིང་གསུམ”ལས་དོན་ཁྲོད་ཀྱི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཐུན་འཕྲོད་ཡོང་བར་བྱས་ཏེ་རི་སྔོན་ཆུ་དྭངས་སྲུང་དགོས།
ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བྱེད་པོའི་ནུས་པ་གང་ལེགས་འདོན་དགོས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ནས་ཁོང་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་དགོས། ཏང་གི་ཞིང་ལས་ལ་ཤུགས་སྣོན་རྒྱག་པ་དང་དམངས་ལ་ཕན་པ་འདོགས་པའི་སྲིད་ཇུས་གང་ལེགས་སྤྱད་དེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། “ཡོང་འབབ”འདང་ངེས་དགོས་ལ“བསམ་བློ”ཡང་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ནས་ཞིང་འབྲོག་ལས་སྟོབས་ལྡན་དང་། ཞིང་འབྲོག་ཁུལ་མཛེས་སྡུག་ལྡན་པ། ཞིང་འབྲོག་པ་ཕྱུག་པོ་ཆགས་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་དང་། “རི་བོ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་གཙང་། ནམ་མཁའ་དེ་བས་གཡའ་དག་པ། ཡུལ་ལྗོངས་དེ་བས་མཛེས་པ། མི་དེ་བས་ཕྱུག་པ”བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་མཛེས་རིས་མཉམ་དུ་འབྲི་དགོས།