འོས་འགན་སློབ་གསོའི་ཉི་འོད་སློབ་བསྡུའི་ཆེད་དོན་བྱ་སྤྱོད་ཀྱིས།
“སྦུག་མཐུན་གཡོ་བསྒྱུར”དང“སློབ་མ་རྩེ་གྲ་བསྡུ་བ”སོགས་ཀྱི་སྣང་ཚུལ་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་པ།
འོས་འགན་སློབ་གསོའི་སློབ་བསྡུ་སློབ་ཞུགས་ཀྱི་དོ་དམ་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བཅས་བྱ་ཆེད། ཉེ་དུས་སློབ་གསོ་པུའུ་གཞུང་དོན་ཐིང་གིས་འོས་འགན་སློབ་གསོའི་ཉི་འོད་སློབ་བསྡུའི་ཆེད་དོན་བྱ་སྤྱོད(2024)སྤེལ་རྒྱུའི་བརྡ་ཐོ་བཀྲམ་ནས། “སྦུག་མཐུན་གཡོ་བསྒྱུར”དང“སློབ་མ་རྩེ་གྲ་བསྡུ་བ”སོགས་ཀྱི་སྣང་ཚུལ་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། སློབ་བསྡུ་སློབ་ཞུགས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་བྱེད་སྤྱོད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། དྲང་གཞག་སློབ་ཞུགས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
བརྡ་ཐོའི་ནང་བསྟན་དོན། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་བསྡུ་སློབ་ཞུགས་ཀྱི་གཙོ་གནད་ལྷུ་ཚིགས་ལ་དམིགས་ཏེ། ས་ཁོངས་ནང་གི་འོས་འགན་སློབ་གསོའི་སློབ་གྲྭར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ནས་སྒྲིག་འགལ་བྱེད་སྤྱོད་སྣ་ཚོགས་ཡོ་བསྲང་མཐའ་གཅིག་ཏུ་བྱ་རྒྱུ་རེད། དེའི་ནང་གཙོ་བོ་སློབ་གྲྭ་འབྲིང་ཆུང་གིས་སྤྱི་ཚོགས་གསོ་སྦྱོང་སྒྲིག་གཞིས་སྒྲིག་འཛུགས་བྱས་པའི་རིག་གནས་སློབ་ཚན་སྣ་ཚོགས་ཀྱི་རྒྱུགས་འབྲས་དང་། གསོ་སྦྱོང་ལག་ཁྱེར། རིག་ཚན་འགྲན་བསྡུར་གྱི་གྲུབ་འབྲས། རྒྱུགས་རིམ་གྱི་དཔང་ཡིག་སོགས་སློབ་བསྡུའི་དཔྱད་གཞིར་འཛིན་མིན་དང་། སློབ་ཞུགས་དང་འབྲེལ་བ་ཡོད་པའི“སློབ་ཞུགས་རོགས་དངུལ་ཞལ་འདེབས”དང“མཉམ་སྐྲུན་གྲོན་དངུལ”སོགས་བསྡུ་མིན་ནམ་ཡང་ན་ངོ་བོ་བསྒྱུར་བའི་སྒོ་ནས་བསྡུ་མིན། དངོས་པོའི་བྱ་དགའ་ཆེན་པོ་སྤྲོད་པ་དང་། དྲིལ་བསྒྲགས་རྫུན་མ་བྱེད་པ། ངག་ཐོག་ནས་ཁས་ལེན་བྱེད་པའམ་ཡང་ན་བསྡུ་ལེན་ཁས་ལེན་ཡི་གེ་བཞག་པ་སོགས་ཚུལ་མིན་གྱི་བྱ་ཐབས་སྤྱད་དེ་སློབ་མ་བསྡུ་མིན་དང་། རང་ཉིད་ཀྱིས་སྒྲིག་འཛུགས་བྱས་པའམ་ཡང་ན་སྤྱི་ཚོགས་གསོ་སྦྱོང་སྒྲིག་གཞི་དང་མཉམ་འབྲེལ་གྱིས་སློབ་མ་འདེམས་སྒྲུག་བྱ་རྒྱུ་དམིགས་ཡུལ་དུ་བྱས་པའི་ཚོད་ལྟའི་ངོ་རྒྱུགས་སྣ་ཚོགས་གཏོང་མིན། གཞུང་གཉེར་སློབ་གྲྭ་དང་དམངས་གཉེར་སློབ་གྲྭ་མཉམ་བསྲེས་ཀྱིས་སློབ་མ་བསྡུ་བ་དང་མཉམ་བསྲེས་ཀྱིས་འཛིན་གྲྭ་སྒྲིག་པའི་བྱ་སྤྱོད་ཡོད་མིན། སློབ་གྲྭ་འབྲིང་ཆུང་ལ་གཙོ་གནད་འཛིན་གྲྭ་སོགས་འཛུགས་མིན་ནམ་ཡང་ན་དེའི་མིང་ཐོག་ནས་སློབ་མ་རྩེ་གྲ་བསྡུ་མིན། དམངས་གཉེར་འོས་འགན་སློབ་གསོའི་སློབ་གྲྭས་སྒྲིག་འགལ་ངང་ས་ཁོངས་བསྒྲལ་ནས་སློབ་མ་བསྡུ་མིན་དང་། སློབ་གནས་གཡར་བ་དང་ཟུར་ཞུགས་སོགས་ཀྱི་མིང་ཐོག་ནས་སྒྲིག་འགལ་ངང་སློབ་མ་བསྡུ་མིན་དང་འབྲེལ་གྲོན་དངུལ་གང་བྱུང་དུ་བསྡུ་མིན་བཅས་ཚུད་ཡོད་པ་རེད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། རང་འགུལ་ངང་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། སློབ་བསྡུ་སློབ་ཞུགས་ཀྱི་ལས་དོན་ཁ་གསལ་དུ་བཏང་ནས། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ཐོ་འགོད་སློབ་ཞུགས་དང་གློག་ཀླད་ལ་བརྟེན་ནས་སློབ་མའི་འཛིན་གྲྭ་གཏན་འཁེལ་བྱེད་པའི་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། སློབ་བསྡུའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས། སློབ་མཚམས་འཇོག་པའི་བྱིས་པ་དང་། གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་གྱི་མཉམ་སྤོས་བུ་ཕྲུག་དང་གཞིས་ལུས་བྱིས་པ། དབང་པོ་སྐྱོན་ཅན་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིའི་སློབ་ཞུགས་འགན་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་ལོ་ལོན་པའི་བྱིས་པ་དང་ལོ་ཆུང་ཚང་མས་འདྲ་མཉམ་ངང་འོས་འགན་སློབ་གསོ་དང་ལེན་ཐུབ་ནས། སློབ་ཞུགས་བྱེད་དགོས་རིགས་ཚང་མ་སློབ་ཞུགས་ཐུབ་པ་དང་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པ་བྱེད་དགོས།
སློབ་གསོ་པུས་པུའུ་ནང་ཁུལ་གྱི་འབྲེལ་ཡོད་སི་ཅུས་དང་། ས་གནས་སློབ་གསོ་སྲིད་འཛིན་སྡེ་ཚན་གྱི་མི་སྣ། རྒྱལ་ཁབ་ཀྱི་སློབ་གྲྭར་ལྟ་ཞིབ་བྱེད་མཁན། རྨང་གཞིའི་སློབ་གསོ་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་སོགས་ལས་གྲུབ་པའི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས། ས་གནས་ཁག་གི་སློབ་བསྡུ་སློབ་ཞུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་དང་ལས་དོན་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་རེད། རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་མ་བསྡུ་རིང་གནད་དོན་ཡང་ཡང་ཐོན་པ་དང་གླེང་ཕྱོགས་ཅུང་མང་བའི་ས་ཁུལ་དང་སློབ་གྲྭར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འགལ་ངང་སློབ་མ་བསྡུ་བའི་བྱེད་སྤྱོད་ཤེས་རྟོགས་ཐུབ་མ་ཐག་མཉམ་དུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་ཆབས་ཅིག་འབྲེལ་ཡོད་འགན་འཁྲི་འཁུར་མཁན་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དུས་ཐོག་ཏུ་ཆེད་དོན་བྱ་སྤྱོད་ལ་བརྟག་ཞིབ་དང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་ཆེན་བསྒྲལ་ནས་ཕན་ཚུན་ཞིབ་བཤེར་བྱས་ཏེ། སྒྲིག་འགལ་བྱེད་སྤྱོད་དང་ཞིབ་བཤེར་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།