དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲེ་ཅང་ཞིང་ལས་སྡེ་ཚན་གྱིས་འཕྲལ་མ་ཉིད་དུ་ཞིང་པར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-13

    འདི་ནི་ཀའོ་ཆང(གཡས)གིས་ཝང་ཁྲུང་ཧྥ་ཡི་ཞ་སྨིའི་རྫིང་བུར་གསོ་ཚགས་ལག་རྩལ་མཛུབ་ཁྲིད་བྱེད་བཞིན་པ།

    “ཀྲེ་ཅང་གི་ཞབས་ཞུ་ནི་དངོས་གནས་ཡག་པོ་འདུག”ཅེས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་གྲོང་མི་ཝང་ཤིས་ལེ་ཡིས་དེ་ལྟར་བསྔགས་བརྗོད་བྱས། དེ་ནི་ཉེ་དུས་ཁོང་རང་ལ་འཕྲད་པའི་བྱ་བ་ཞིག་དང་འབྲེལ་བ་ཡོད་པ་སྟེ། ཆུ་ཚོད་24ཡང་མ་འགོར་བར་ཀྲེ་ཅང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ལས་དོན་མི་སྣ་དང་རིགས་གཅིག་མཁས་ཅན་གྱིས་ཝང་ཤིས་ལེ་ཡི་ཕ་མར་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད་པ་རེད།

    ཝང་ཤིས་ལེ་ཧང་ཀྲོའུ་རུ་གློག་རྡུལ་ཚོང་དོན་གྱི་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་གི་ཕ་ཝང་ཁྲུང་ཧྥ་ཧུའུ་ཀྲོའུ་གྲོང་ཁྱེར་ནན་ཤུན་ཆུས་ཧྲན་ལེན་གྲོང་རྡལ་དུ་ན་འདམ་ཞ་སྨི་གསོ་ཚགས་བྱེད་ཀྱི་ཡོད་ལ། འདི་ལོ་ད་དུང་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ཡོད། ཟླ་དང་པོར་མ་གནས་སྒོར་ཁྲི་བཅུ་ལྷག་ཙམ་ཟིན་པའི་ཞ་སྨི་ཁག་གཅིག་གསོས་པ་དེ་དག་ཟླ་4པའི་ཟླ་མཇུག་ཏུ་ཁྲོམ་རར་འདོན་ཐུབ་ཀྱི་ཡོད་པ་རེད།

    ཝང་ཁྲུང་ཧྥ་ཡིས་དེ་སྔའི་ཉམས་མྱོང་ལ་གཞིགས་ནས་ཞ་སྨི་ཆུང་ཆུང་དེ་དག་དེ་བས་ཆེ་བའི་གསོ་ཚགས་ར་བར་སྤོས་ཏེ་སྐྱེ་འཕེལ་སྔར་བས་ཡག་པོ་ཡོང་ཐབས་བྱས་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཞ་སྨི་དེ་དག་སྐྱེ་འཕེལ་ཡག་པོ་བྱུང་མེད་རྐྱེན་ཝང་ཁྲུང་ཧྥ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱུང་། རང་ཉིད་ཀྱིས་ཞ་སྨི་གསོ་མི་ཤེས་ལ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཡང་ངོ་ཤེས་ཀྱི་མེད་པས་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟར་ག་བྱེད་འདི་བྱེད་མེད་པར་གྱུར།

    ཟླ་3ཚེས་25ཉིན་གྱི་སྔ་དྲོའི་ཆུ་ཚོད་8ཙམ་ལ། ཝང་ཤིས་ལེ་ཡིས་ཀྲེ་ཅང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་སྐད་འཕྲིན་སྤྱི་རྟགས་ཐོག“སྐུ་ཁམས་བཟང་། ངའི་ཕ་མའི་ན་འདམ་ཞ་སྨི་གསོ་ཚགས་ལ་དཀའ་ངལ་འཕྲད་སོང་བས། རིགས་གཅིག་མཁས་ཅན་དང་འབྲེལ་བ་བྱས་ནས་ལྟ་བར་ཡོང་ན་འགྲིག་གམ”ཞེས་ལན་བཞག

    ཆུ་ཚོད་11ཙམ་ལ། ཀྲེ་ཅང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དྲིལ་བསྒྲགས་ལྟེ་གནས་གཞུང་ལས་ཁང་གི་ལས་དོན་མི་སྣ་ཕན་ཆིང་གིས་རྩོམ་ཡིག་རྩོམ་སྒྲིག་བྱས་ཟིན་རྗེས་ལན་འཇོག་གནས་ཚུལ་ལ་ལྟ་སྐབས་ཝང་ཤིས་ལེ་ཡི་ཡི་གེ་མཐོང་རྗེས“ཁྱེད་ཚོའི་གསོ་ཚགས་རྟེན་གཞི་གང་དུ་ཡོད་དམ”ཞེས་འཕྲལ་མར་ལན་བརྒྱབ།

    དངངས་འཚབ་ཁྲོད་རེ་སྒུག་བྱེད་བཞིན་པའི་ཝང་ཤིས་ལེ་ཡིས་འཕྲལ་དུ་གསོ་ཚགས་རྟེན་གཞི་གནས་ཡུལ་དང་དེ་བཞིན་འབྲེལ་ཡོད་གནས་ཚུལ་གསལ་བཤད་ཞིབ་ཕྲ་བྱས་ནས་རིགས་གཅིག་མཁས་ཅན་གྱིས་ལག་རྩལ་མཛུབ་ཁྲིད་ཐོབ་རྒྱུའི་རེ་བ་བྱས།

    “ང་ཚོས་རིགས་གཅིག་མཁས་ཅན་དང་སྦྲེལ་མཐུད་བྱས་ཟིན་པས་ཁྱེད་ཀྱི་པ་ཕར་ཁ་པར་ཐོག་ནས་འབྲེལ་གཏུག་བྱེད་ཀྱི་རེད”ཅེས་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་47ཙམ་ལ་ཕན་ཆིང་གིས་ཝང་ཤིས་ལེ་ལ་གསལ་བཤད་བྱས།

    ཡུན་རིང་མ་སོང་བར་ཝང་ཁྲུང་ཧྥ་ལ་ཀྲེ་ཅང་ཞིང་ཆེན་ཚྭ་མེད་ཆུའི་ཆུ་ཐོན་ཞིབ་འཇུག་སུའོ་ཡི་ན་འདམ་ཞ་སྨི་ཞིབ་འཇུག་རིགས་གཅིག་མཁས་ཅན་ཀའོ་ཆང་གི་ཁ་པར་འབྱོར། ཀའོ་ཆང་གིས་ན་འདམ་ཞ་སྨི་གསོ་ཚགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱས་རྗེས་ཞ་སྨི་ལ་ནད་དུག་འགོས་པའམ་ནད་རིགས་གཞན་ཕོག་མེད་པ་ཤེས་རྟོགས་བྱུང་། “ཉེ་དུས་དྲོད་ཚད་གློ་བུར་དུ་འཕར་བས་ཞ་སྨི་ཆུང་ཆུང་གསོ་ཚགས་བྱ་ཡུལ་དང་གསོ་ཚགས་ར་བའི་དབར་སྔར་བཞིན་དྲོད་ཚད་ཀྱི་ཧེ་བག་ངེས་ཅན་ཡོད་པ་དང་། སྐྱེ་འཕེལ་མགྱོགས་པའི་ཞ་སྨི་ཕྱི་ཤུན་བསྐྱུར་བའི་དུས་སུ་སླེབས་ཡོད་པས་བལྟོས་བཅས་ཀྱིས་ལུས་ཟུངས་ཞན་པ་ཡོད། ཁོར་ཡུག་གསར་པ་ཡིན་པའི་ཁར་དྲོད་ཚད་ཀྱི་ཧེ་བག་ཀྱང་ཆེན་པོ་ཡོད་པས་ཞ་སྨི་ཡི་སྐྱེ་འཕེལ་ལ་ཤུགས་རྐྱེན་ཆེན་པོ་ཡོང་གི་ཡོད”རྒྱུ་རྐྱེན་དབྱེ་ཞིབ་བྱས་རྗེས་ཀའོ་ཆང་གིས་དུས་བཀག་ལྟར་འཚོ་བཅུད་Cགཏོར་དགོས་པ་དང་ཆབས་ཅིག་ཆུ་སོས་པ་འོས་འཚམ་བརྗེ་དགོས་པའི་གྲོས་འགོ་ཞིབ་ཕྲ་བཏོན་པ་རེད།

    ཀའོ་ཆང་གི་བཀའ་མངགས་ལྟར་བྱས་རྗེས་ཕན་འབྲས་འཕྲལ་མར་ཐོན་ཞིང་། ཉིན་གཉིས་པའི་སྔ་དྲོར། ཞ་སྨིའི་རྫིང་བུ་སྤྱིར་ན་རྒྱུན་གཏན་ལྟར་དུ་གྱུར། ཀའོ་ཆང་ད་དུང་བློ་བདེ་པོ་མ་བྱུང་བས་ཆེད་མངགས་ས་གནས་ས་ཐོག་ཏུ་ལྟ་བར་སྐྱོད་པ་མ་ཟད། ཚོད་རྫས་སྒྲོམ་བུ་ཡང་བསྐྱལ་ནས་ཝང་ཁྲུང་ཧྥ་ལ་དེ་དང་འདྲ་བའི་གནས་ཚུལ་འཕྲད་ཚེ་ཇི་ལྟར་བྱས་ནས་རང་བཤེར་རང་བརྟག་བྱེད་དགོས་ལུགས་བཤད།

    ཞ་སྨིའི་རྫིང་བུའི་ན་འདམ་ཞ་སྨི་དག་གསོན་ཤུགས་སླར་གསོ་བྱུང་བ་མཐོང་རྗེས། ཝང་ཁྲུང་ཧྥ་ཡི་སེམས་ལྷོད་ལ་བབས། སྐབས་དེར་ཝང་ཤིས་ལེ་ཡིས་སྐད་འཕྲིན་སྤྱི་རྟགས་ཐོག་ལན་བཞག་ནས་ཉིན་གཅིག་ཀྱང་སོང་མེད་པ་རེད།

    “སྲིད་གཞུང་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་དང་འབྲེལ་གཏུག་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནད་དོན་འཕྲལ་མར་ཐག་གཅོད་ཐུབ་སོང་། ད་ཆ་གདེང་ཚོད་ཡོད་པས་ཞ་སྨི་གསོ་བའི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་ཝང་ཁྲུང་ཧྥ་ཡིས་བཤད།

    གནས་ཚུལ་དེ་ཤེས་མཁན་དྲ་གྲོགས་ཚོས་བསྔགས་བརྗོད་གཅིག་རྗེས་གཉིས་མཐུད་བྱས་ཤིང་། དྲ་གྲོགས་ཁག་གཅིག་གིས“ཀྲེ་ཅང་དུ་ལས་སྒྲུབ་བྱེད”ཅེས་པའི་APPནས“ཀྲེ་ཅང་ཞིང་ལས་ལག་རྩལ”སྐར་ཁུང་གི་རིགས་གཅིག་མཁས་ཅན་གྱི་དྲ་ཚིགས་སུ་འཛུལ་ཏེ་ཚྭ་མེད་ཆུའི་ཞ་སྨི་གསོ་ཚགས་རིགས་གཅིག་མཁས་ཅན་བཤེར་ཚེ་དེ་མཚུངས་ཀྱི་རིགས་གཅིག་མཁས་ཅན་གྱི་ཆ་འཕྲིན་འཚོལ་ཐུབ་པ་དང་དྲ་ཐོག་ནས་རོགས་རམ་ཐོབ་ཐུབ་ཅེས་ཁ་གསབ་བྱས།

    ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་གི་སྲིད་དོན་ཞབས་ཞུ་མུ་མཐུད་ལེགས་སུ་བཏང་ཞིང་། ཝང་ཤིས་ལེ་ཁྱིམ་ཚང་གི་ཉམས་མྱོང་ནི་ཀྲེ་ཅང་གི་ལས་ཆོད་ཆེ་བའི་སྲིད་དོན་ཞབས་ཞུའི་མཚོན་བྱེད་ཙམ་ཞིག་རེད། “ང་ཚོའི་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་རྣམས་ཞིང་ནང་དང་མུ་ཁ་དང་རྫིང་བུའི་འགྲམ་དུ་ཡོད་པས་མུ་མཐུད་ཞིང་པར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ནས་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱེད་ཀྱི་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཝང་ཐུང་ལིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།