དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོས་སྣ་མང་བསྟུན་མཁས་ཀྱི་འཛམ་གླིང་བསྐྲུན་རྒྱུར་ཕན་ཐོགས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མུའུ་སི་ཐ་ཧྥ·མ་ཧྲི་ལ་ཧྥེ།   |     སྤེལ་དུས།  2024-04-13

    མིའི་རིགས་ཀྱི་ཤེས་དཔལ་སྣ་མང་རང་བཞིན་ནི་འཛམ་གླིང་གི་གཞི་རྩའི་ཁྱད་ཆོས་ཡིན། གོ་ལ་ཧྲིལ་པོའི་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བའི་དེང་གི་དུས་འདིར། ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུ་ནི་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཤེས་དཔལ་སྣ་མང་རང་བཞིན་ཁས་ལེན་དང་དེར་བརྩི་འཇོག་བྱས་ན་གཞི་ནས་ཤེས་དཔལ་མི་འདྲ་བའི་དབར་ཕན་འབྲས་ལྡན་པའི་སྤེལ་རེས་ཐུབ་ནས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་ཐུབ།

    འདས་ཟིན་པའི་ལོ་10ཡི་རིང་ངས་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་པ་ཡིན་ལ་ཀྲུང་གོའི་གསོན་ཤུགས་ཀྱིས་ཁེངས་པའི་འཕེལ་རྒྱས་ཀྱང་དངོས་སུ་མཐོང་བྱུང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་ཡུན་རིང་གི་ལོ་རྒྱུས་དང་གཏིང་ཟབ་པའི་རིག་གནས་ཀྱི་རྩ་བར་གཞི་ཚུགས་ཡོད། པེ་ཅིང་ནས་ཧྲང་ཧའེ་དང་དེ་ནས་ཤིས་ཨན་བར་ངས་ཀྲུང་ཧྭའི་ལོ་རྒྱུས་ཡུན་རིང་གི་ཤེས་དཔལ་དང་ཕུན་སུམ་ཚོགས་པའི་རིག་གནས་ཚོར་བྱུང་། ཨ་རབ་ཀྱི་ཤེས་དཔལ་དང་ཀྲུང་ཧྭའི་ཤེས་དཔལ་གཉིས་ཀས་ཤེས་དཔལ་གླེང་མོལ་ལ་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། “ཤེས་དཔལ་གྱི་འགལ་ཟླ་སྨྲ་བ”དང“ཤེས་དཔལ་གྱི་ཁྱད་འཕགས་སྨྲ་བ”ལ་ངོ་རྒོལ་བྱེད་ཀྱི་ཡོད། ཨ་ཀྲུང་དབར་གྱི་མཛའ་མཐུན་འགྲོ་འོང་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་འདྲ་མཉམ་གྱི་གླེང་མོལ་དང་ཁ་འབྲལ་ཐབས་མེད། ཤེས་དཔལ་མི་འདྲ་བས་གླེང་མོལ་གྱི་རྨང་གཞིའི་ཐོག་ཕན་ཚུན་བསམ་ཤེས་དང་ཐུན་མོང་ཐོག་ཡར་ཐོན་ཡོང་བ་བྱེད་དགོས། 2022ལོའི་ཟླ་12པར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོའི་ཐོག《ཀྲུང་ཨའི་དབུ་ཚོགས་སྐབས་དང་པོའི་ལི་ཡ་ཏེའི་བསྒྲགས་གཏམ》སྤེལ་ནས་ཤེས་དཔལ་གླེང་མོལ་དང་སྤེལ་རེས་དར་སྤེལ་དང་། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་སྲུང་སྐྱོང་། དམིགས་བསལ་ཤེས་དཔལ་ལ་མཐོང་ཆུང་དང་ཕྱོགས་ཞེན་བྱེད་རྒྱུ་དོར་བ། “ཤེས་དཔལ་གྱི་འགལ་ཟླ་སྨྲ་བ”ལ་ངོ་རྒོལ་བཅས་བྱེད་རྒྱུའི་གྲོས་འགོ་བཏོན་པ་རེད། འདི་ལོའི་ཟླ་3པར“ཀྲུང་ཨའི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུའི”རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་མོ་རོ་ཁོར་འཚོགས་པ་དང་། མུའུ་ཧན་མོ་ཏེ་ཁྲི་ཐོག་ལྔ་པའི་སློབ་ཆེན་གྱིས་ཀྲུང་གོའི་ནུབ་བྱང་སློབ་ཆེན་དང་ཕུའུ་ཏན་སློབ་ཆེན་དང་མཉམ་དུ་ཚོགས་འདུའི་ཐོག“ཀྲུང་ཨའི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་རིག་གཞུང་མནའ་འབྲེལ”གྱི་གྲོས་འགོ་ཐུན་མོང་ཐོག་བཏོན་པ་དང་། རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེ་གཏན་འཇགས་ལམ་སྲོལ་ཞིག་ཏུ་འགྱུར་བར་བྱས་ནས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་མཐོ་སློབ་དེ་བས་མང་བ་བསྡུས་ཏེ་ཨ་ཀྲུང་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་རྩིས་ཡོད་པ་རེད། མོ་ཀྲུང་དབར་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་སྟེགས་དེ་བས་མང་བ་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་བའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།

    གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོས་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་དར་སྤེལ་བཏང་བ་དེས་ཤེས་དཔལ་མི་འདྲ་བའི་རིན་ཐང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་རྒྱུར་ཕན་ཐོགས་ཡོད་པས། ཨ་ཀྲུང་དབར་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། དེ་བས་དྲང་གཞག་འདྲ་མཉམ་དང་སྣ་མང་བསྟུན་མཁས་ཀྱི་འཛམ་གླིང་ཞིག་འཛུཊ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུཊ་ཆེན་པོ་ཡང་སྣོན་ཐུབ་ངེས་རེད།

    (རྩོམ་པ་པོ་ནི་མོ་རོ་ཁོའི་མུའུ་ཧན་མོ་ཏེ་ཁྲི་ཐོག་ལྔ་པའི་སློབ་ཆེན་གྱི་བཅའ་ཁྲིམས་དང་། དཔལ་འབྱོར། སྤྱི་ཚོགས་ཚན་རིག་བཅས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།