དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་ནུས་གསར་རླངས་འཁོར་འཛད་སྤྱོད་ཁྲོམ་རའི་འཕེལ་ཚུལ་བཟང་བ།

    ཟླ་དང་པོ་ནས་གསུམ་པའི་བར་རླངས་འཁོར་གསར་དུ་ཐོ་འགོད་བྱེད་ཚད་དུས་མཚུངས་ལས་325.6%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-13

     སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་ཉེར་སྤྱོད་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར། རང་ལྗོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་22232གསར་དུ་ཐོ་འགོད་བྱས་པའི་ཁྲོད་ནུས་རྒྱུ་གསར་པའི་རླངས་འཁོར་1911གསར་དུ་ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་325.6%འཕར་ཏེ། ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་རྣམ་པ་བཟང་པོ་མངོན་ཡོད།

    ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཡུལ་བབ་དང་བསྟུན་ཏེ། འཛད་སྤྱོད་པས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བར་ཁ་གསབ་སྤྲོད་ཤུཊ་ཆེ་རུ་བཏང་ཡོད། 2023ལོར། ལྗོངས་ཡོངས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གསར་དུ་ཐོ་འགོད་བྱས་པ་འཕར་ཚད་མདུན་གྲལ་གྱི་ཨང་གསུམ་པའི་གྲོང་ཁྱེར་ནི་ཆབ་མདོ་གྲོང་ཁྱེར(1020%)དང་། ལྷ་ས་གྲོང་ཁྱེར(325.5%) གཞིས་རྩེ་གྲོང་ཁྱེར(263.6%)བཅས་ཡིན་པ་རེད། འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“བདེ་སྐྱིད་ཀྱི་བོད་ལྗོངས། སྤྲོ་སྣང་ལྡན་པའི་འཚོ་བར་རོལ”ཞེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། མིག་སྔའི་བར་རིམ་རྩིས་བྱས་ན། རླངས་འཁོར་4850ཉོས་པར་ཁ་གསབ་སྤྲད་པས་རླངས་འཁོར་འཛད་སྤྱོད་སྒོར་དུང་ཕྱུར་7.43ལྷག་ཙམ་ཟིན་པར་ཐད་ཀའི་སྐུལ་ཁྲིད་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། རླངས་འཁོར་རིགས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་འབོར་གྱིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ཁྲོད་ཀྱི་བསྡུར་གྲངས་བཟུང་ཚད་8%ཡས་མས་རྒྱུན་འཁྱོངས་ཐུབ་ཡོད། བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། 2023ལོར། ལྗོངས་ཡོངས་ཀྱི་བཅད་གྲངས་ཡན་གྱི་རླངས་འཁོར་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་66.07ཟིན་པ་དེ་དུས་མཚུངས་ལས་31.1%འཕར་ནས་བཅད་གྲངས་ཡན་གྱི་རྩིས་གཞིའི་ཚོང་ཟོག་སིལ་ཚོང་དངུལ་འབོར་བརྒྱ་ཆའི་གྲངས་8.7འཕར་བར་སྐུལ་ཁྲིད་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་སུ་རླངས་འཁོར་བདག་ཚད་མུ་མཐུད་མང་དུ་ཕྱིན་པ་དང་བསྟུན་ནས་ལག་བརྒྱུད་རླངས་འཁོར་ཁྲོམ་ར་དང་བེད་མེད་རླངས་འཁོར་ཚུར་བསྡུའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་རླངས་འཁོར་འཛད་སྤྱོད་ཀྱི་གཏིང་ཤུགས་འཕེལ་བར་རམ་འདེགས་ཐུབ་ཡོད།

    2023ལོར་ལྗོངས་ཡོངས་ཀྱི་ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་ཚད་50154ཟིན་པ་དེ་དུས་མཚུངས་ལས་41.7%འཕར་བ་དང་བེད་མེད་རླངས་འཁོར་ཚུར་བསྡུ་བྱེད་ཚད་10425ཟིན་པ་དེ་དུས་མཚུངས་ལས་145.87%འཕར་ཡོད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་ཁྲོམ་རའི་མ་ལག་འཛུགས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དབྱང་ཀྲན་ཧུའེ་ཡིས། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ལྕག་སྐུལ་གྱི་སྲིད་ཇུས་འདོན་པ་དང་། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་སྤྲོད་པ། ལག་བརྒྱུད་རླངས་འཁོར་འཁོར་རྒྱུག་ཐུབ་པ། རིན་གོང་བཅག་ནས་བྲིན་སྐུལ་བྱེད་སྒོ་སྤེལ་བར་ལྕག་སྐུལ་གཏོང་བ། ལྗོངས་ཡོངས་ཀྱི་རླངས་འཁོར་དངོས་མང་སྟོན་ཚོགས་གཉེར་བ་སོགས་བྱས་ཏེ། ལྗོངས་ཡོངས་ཀྱི་རླངས་འཁོར་འཛད་སྤྱོད་རྒྱུན་མཐུད་མགྱོགས་པོ་འཕར་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།