ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《སྡེ་ཁུལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཏོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྡེ་ཁུལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཏོན་པ་རེད།
《བསམ་འཆར》ནང་བསྟན་དོན། སྡེ་ཁུལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་དང་། སྤྱི་ཚོགས་བརྟན་ལྷིང་དང་སྒྲིག་ལམ་སྲུང་སྐྱོང་། ཏང་གི་ཡུན་རིང་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་བ་བཅས་དང་འབྲེལ་བ་ཡོད་ལ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དོན་སྙིང་གལ་ཆེན་ལྡན་ཡོད། སྡེ་ཁུལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་ཐོབ་རྗེས་བསམ་འཆར་འདི་བཏོན་ཡོད།
《བསམ་འཆར》ནང་བསྟན་དོན། སྡེ་ཁུལ་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་རྒྱག་པ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། ཆེད་ལས་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཇོག་པ་མཐའ་འཁྱོངས། ལས་རིགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྐུལ་ལྕག་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆབ་སྲིད་ཐད་བློ་རྩ་བརྟན་པོ་དང་། བྱང་ཚད་ལེགས་པ། ལས་བཀུར་ལེགས་སྐྱེས། གྲུབ་ཆ་ལུགས་མཐུན། མང་ཚོགས་བློ་ཡིད་ཚིམ་པ་བཅས་ཀྱི་སྡེ་ཁུལ་ལས་དོན་པའི་དཔུང་ཁག་གཅིག་བསྐྲུན་ནས་སྡེ་ཁུལ་གྱི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་ཆེད་ཤེས་ལྡན་པའི་འདེགས་སྐྱོར་བྱེད་དགོས།
《བསམ་འཆར》ནང་བསྟན་དོན། ལོ་ལྔ་ཙམ་གྱི་དུས་ཚོད་ནང་གཤམ་གསལ་གྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་པ་སྟེ། སྡེ་ཁུལ་ལས་དོན་པའི་ལས་རིགས་མ་ལག་རྩ་བའི་ཆ་ནས་འཛུགས་པ་དང་། ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། དོ་དམ་ལམ་ལུགས་དེ་བས་ཚན་རིག་དང་མཐུན་པ། སྐུལ་ལྕག་འགན་ལེན་ལམ་སྲོལ་དེ་བས་འཐུས་སྒོ་ཚང་བ། སྡེ་ཁུལ་ལས་དོན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་འགྲོ་བ་བཅས་བྱེད་དགོས། སྡེ་ཁུལ་ལས་དོན་པའི་ཆབ་སྲིད་ཀྱི་བྱང་ཚད་དང་། འགན་སྒྲུབ་ནུས་པ། ལས་ཀའི་སྤྱོད་ཚུལ་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དཔུང་ཁག་གི་གྲུབ་ཆ་མུ་མཐུད་བཟང་སྒྲིག ཡོང་འབབ་དང་ཐོབ་ཐང་ལུགས་མཐུན་ངང་འགན་ལེན། ལས་རིགས་ཀྱི་མོས་སེམས་དང་སྤོབས་སེམས་ཆེ་རུ་འགྲོ་བ། དམངས་ཆེད་དམངས་གཅེས་དང་ལས་སྒྲུབ་ལས་གཏོད་ཀྱི་བསམ་པའི་ཉམས་འགྱུར་སྔར་བས་མཐོ་རུ་འགྲོ་བ་བཅས་བྱེད་དགོས།
《བསམ་འཆར》ནང་བསྟན་དོན། ལས་རིགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། མི་སྣའི་ཁྱབ་ཁོངས་གསལ་པོ་བཟོ་བ་དང་། ཆབ་སྲིད་ཀྱི་འགག་སྒོ་ནན་པོར་སྲུང་བ། ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་ལེགས་སུ་གཏོང་བ། ལས་རིགས་ཀྱི་ཆུ་ཚད་དང་ལས་གནས་རིམ་པ་འབྲེལ་མཐུད་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། འགན་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། གྲོང་མི་མང་ཚོགས་ལ་ཞབས་འདེབས་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་བ། གསོ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
དོ་དམ་ལམ་ལུཌ་འཐུས་སྒོ་ཚང་དུ་གཏོང་དགོས། དཔུང་ཁག་དོ་དམ་ནན་དུ་གཏོང་བ་དང་། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
སྐུལ་ལྕག་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། གླ་ཆ་ཐོབ་ཐང་འགན་ལེན་དོན་འཁྱོལ་བྱེད་པ་དང་། སྐུལ་ལྕག་འཕེལ་རྒྱས་ཀྱི་ལམ་སྲོལ་འཛུགས་པ། ཐུགས་ཁུར་དང་གཅེས་སྐྱོང་གི་རྣམ་པ་གཏོད་པ་བཅས་བྱེད་དགོས།
རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་། ཚོད་སྐོར་མཛུབ་ཁྲིད་བྱེད་པ། ཁུར་པོ་ཡང་གཏོང་དང་ཕན་འབྲས་ཐོན་པར་བཅས་བྱེད་དགོས།