དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་བར་མུ་མཐུད་སྒུལ་ཤུགས་ཆེན་པོ་སྣོན་གྱི་ཡིན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་བརྗོད་དོན། ཀྲུང་གོས་མུ་མཐུད་རང་ངོས་ཀྱི་བརྟན་ལྷིང་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ཤུགས་ཆེན་པོ་སྣོན་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་སྐྲུན་གྱི་ཡིན།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉེ་ཆར། པི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ལུའོ་ཏིས《ཕྱི་འབྲེལ་ལས་དོན》གྱི་དྲ་ཚུགས་ཐོག《ཀྲུང་གོ་སྔར་བཞིན་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད། — འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པར་སྣང་ཆུང་བྱེད་མི་རུང》ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད། རྩོམ་ཡིག་ནང་ཉེ་དུས་ཨ་རིའི་སློབ་གསོའི་ལས་རིགས་སུ“ཀྲུང་གོའི་དཔལ་འབྱོར་རྩེ་མོ་རྦབ་རིལ་སྨྲ་བ”ཞེས་པ་སྤེལ་ནས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ལ་སྣང་ཆུང་བྱས་ཡོད། མིག་སྔར་ཀྲུང་གོའི་དཔལ་འབྱོར་ལ་འགལ་རྐྱེན་འགའ་འཕྲད་ཡོད་མོད། འོན་ཀྱང་དུས་རབས་གོང་མའི་ལོ་རབས་70པའི་དུས་མཇུག་ཏུ་དཔལ་འབྱོར་སྒྱུར་བཅོས་ཀྱི་ལམ་བུར་སྐྱོད་སྐབས་ཀྲུང་གོས་མིག་སྔ་ལས་དེ་བས་ཆེ་བའི་འགྲན་སློང་དྲག་པོ་ཁྱད་བསད་བྱས་ཡོད། འབྱུང་འགྱུར་ལོ་འགའི་ནང་། ཀྲུང་གོའི་དཔལ་འབྱོར་འཕར་བའི་མྱུར་ཚད་སྔར་བཞིན་ཨ་རིའི་ལྡབ་གཉིས་ཡིན་སྲིད་ཅེས་འཁོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས་པར།

    མའོ་ཉིང་གིས། ཀྲུང་གོའི་དཔལ་འབྱོར་ཡང་སྙིང་གང་འདྲ་ཡིན་མིན་ཐད་མི་མི་འདྲ་བར་དབྱེ་ཞིབ་ཀྱི་ལྟ་ཕྱོགས་མི་འདྲ་བ་ཡོད། ཕྱོགས་ཁག་གིས་ཡོངས་ཁྱབ་ཏུ་ཁས་ལེན་བྱེད་པ་ནི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་པ་དེ་རེད། འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། མཉེན་ཤུགས་ཆེ་བ། འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་བཅས་ལྡན་ཡོད་ཅེས་བརྗོད།

    མའོ་ཉིང་གིས། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོན་ལས་རིགས་དབྱེའི་ཁྲོད་བཟོ་ལས་ཀྱི་སྣ་ཁ་ཚང་མ་འཛོམས་པའི་རྒྱལ་ཁབ་འབའ་ཞིག་དེ་ཡིན་པས་འཐུས་སྒོ་ཚང་བའི་ཐོན་ལས་ཁྱུ་ཚོགས་200ལྷག་ཙམ་ཆགས་ནས་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ་14བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཀྲུང་གོར་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱིའི་མི་གྲངས་དུང་ཕྱུར་4ལྷག་ཙམ་ཟིན་པ་དང་། འབྱུང་འགྱུར་ལོ་བཅུ་གྲངས་ནང་མི་གྲངས་དུང་ཕྱུར་8ཟིན་རྒྱུ་རེད། ཞིང་ལས་གཞན་སྒྱུར་གྱི་མི་འབོར་དུང་ཕྱུར་3ཙམ་གྲོང་མི་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་འགྲོ་བཞིན་ཡོད་པས་སྡོད་ཁང་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་ཐད་འཛད་སྤྱོད་ཀྱི་དགོས་མཁོ་ཧ་ཅང་ཆེན་པོ་དང་འཛད་སྤྱོད་རིམ་སྤོར་གྱི་སྒུལ་ཤུགས་ཆེན་པོ་ཐོན་རྒྱུ་རེད། ཀྲུང་གོའི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་དང་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་གཏོང་ཚད་ལོ་མང་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་དང་ཚན་རྩལ་ཁྱུ་ཚོགས་ཀྱི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཀྲུང་གོ་སྲིད་གཞུང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་དང་འདེགས་སྐྱོར་བྱེད་ཤུགས་ཆེན་པོ་མངོན་པར་བྱས་ཡོད། རྒྱལ་སྒྲོལ་ཁེ་ལས་དེ་བས་མང་བས་ཀྲུང་གོའི་ཁྲོམ་རར་མ་དངུལ་བཏང་ནས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། འདི་ལོའི་ཟླ་དང་པོ་དང་གཉིས་པར། ཀྲུང་གོར་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་7160གསར་དུ་བཙུགས་པ་དེ་དུས་མཚུངས་ལས་34.9%འཕར་ནས་ཉེ་བའི་ལོ་5ཡི་རིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།

    “དོན་དངོས་རྩོད་ཐབས་བྲལ་བ་ཞིག་ཡོད། མི་ལ་ལས་ཇི་ལྟར་ཉམས་རྒུད་འགྲོ་བའི་སྐོར་བཤད་ཀྱང་ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕར་བའི་འཕེལ་ཕྱོགས་བཟང་པོར་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་གི་ལེགས་ཆ་མངོན་གསལ་དོད་པོར་འགྱུར་ལྡོག་འགྲོ་མི་སྲིད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱུ་རྐྱེན་གཙོ་བོའི་ཆ་རྐྱེན་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་བཞིན་ཡོད”ཅེས་མའོ་ཉིང་གིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།