དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐེ་ལན་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་བཟོས་པ་ལས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲང་ཆིན་རུའོ།   |     སྤེལ་དུས།  2024-04-12

    འདི་ནི་ཐེ་ལན་གྱི་པང་ཁོག་སུའུ་དབན་ན་ཕུའུ་གནམ་ཐང་གི་ཁྲལ་མེད་ཚོང་ཁང་དུ་ཀྲུང་གོའི་ཡུལ་སྐོར་བ་གཉིས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཉོ་བཞིན་པ།

    འདི་ནི་ཐེ་ལན་ལྷོ་རྒྱུད་ཀྱི་ཅ་སྨི་ཧྥུའུ་སྲིད་འཛིན་ཁུལ་གྱི་ལན་ཐ་གླིང་ཕྲན་གྱི་མཚོ་ཁུལ་དུ་ཀྲུང་གོའི་ཡུལ་སྐོར་བས་གྲུ་ཆུང་ལ་བསྡད་ནས་ཞོགས་པའི་མཛེས་ལྗོངས་པར་རྒྱག་བཞིན་པ།

    མེ་ནན་ཆུ་ངོགས་ཀྱི་དགོང་དྲོའི་ནམ་མཁའ་གཡའ་དག་ཅིང་། ཡུལ་སྐོར་བ་མང་པོ་ཐེ་ལན་གྱི་པང་ཁོག་གྲོང་ཁྱེར་གྱི་ཀྲེང་ཝང་ལྷ་ཁང་དུ་ལྟ་སྐོར་ལ་ཡོང་གི་ཡོད། ཀྲེ་ཅང་ནས་ཡོང་བའི་ཡུལ་སྐོར་བ་ཡུས་ཧྥན་གྱིས་ཐེ་ལན་གྱི་སྲོལ་རྒྱུན་གྱོན་ཆས་གྱོན་ཞིང་མགོ་བོར་གྱོན་གོས་དང་ཚོས་གཞི་གཅིག་མའི་ཐེ་ལན་གྱི་སྐྲ་པིང་བཏགས་ནས་རྡོ་བཀྱག་ཐོག་པར་རྒྱག་ས་ཡག་ཤོས་འཚོལ་བཞིན་ཡོད། ཁོ་མོས“རང་ཉིད་ནི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གོ་སྐབས་དང་བསྟུན་ནས་ཆེད་མངགས་ཐེ་ལན་དུ་ཡུལ་སྐོར་ལ་ཡོང་བ་ཡིན། པང་ཁོག་གི་ཤན་ལུའོ་ཐང་ཆེན་དང་ཧྲུའེ་མོན་དགོན་པ་སོགས་མཛེས་ལྗོངས་ས་ཚིགས་སུ་ཕྱིན་པ་ཡིན། ཉིན་གཉིས་སོང་རྗེས་ད་དུང་ཕུའུ་ཅི་གླིང་ཕྲན་དུ་ཡུལ་སྐོར་ལ་འགྲོ་གི་ཡིན”ཞེས་གསར་འགོད་པར་བརྗོད།

    འདི་ལོའི་ཟླ་3ཚེས་1ཉིན། ཀྲུང་གོ་དང་ཐེ་ལན་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་མཐུན་དངོས་སུ་གོ་ཆོད་པས་ཀྲུང་གོ་དང་ཐེ་ལན་གྱི་ཡུལ་སྐོར་བ་ཕན་ཚུན་ཡུལ་སྐོར་ལ་སྐྱོད་མཁན་རྒྱུན་མཐུད་མང་དུ་ཕྱིན་ཡོད། ཐེ་ལན་གྱི་ཡུལ་སྐོར་དང་ལུས་རྩལ་པུའི་གྲངས་གཞི་ལས་མངོན་པར། ཟླ་3ཚེས་31ཉིན་བར། འདི་ལོ་ཚུན་ཐེ་ལན་གྱིས་རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་937ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་ཐེ་ཀྲུའུ་དུང་ཕྱུར་4547(མི་དམངས་ཤོག་སྒོར་1ལ་ཐེ་ཀྲུའུ་5.13ཙམ་ཡིན་པ)ཙམ་བཏོད་པ་དང་། དེའི་ནང་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་175ལྷག་ཙམ་ཟིན་ནས་ཨང་དང་པོར་སླེབས་ཡོད། ཀྲུང་གོའི་ཡུལ་སྐོར་བ་སླེབས་པ་ལས་ཐེ་ལན་གྱི་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བར་སྐུལ་འདེད་ཐེབས་ཡོད། ཀྲང་ཀྲི་ཁྲེན་ནི་ཐེ་ལན་གྱི་པ་ཏི་ཡའི་གསོལ་མགྲོན་ཁང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་། འདི་ལོའི་ཟླ་3པ་ཚུན་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས“ཟླ་3པ་ཚུན་ང་ཚོའི་གསོལ་མགྲོན་ཁང་དུ་ཞག་སྡོད་བྱེད་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་པ་དང་། པ་ཏི་ཡའི་ཁྲོམ་གཞུང་དང་སྲང་ལམ་དང་མཚོ་འགྲམ་དུ་ཀྲུང་གོའི་ཡུལ་སྐོར་བ་མང་པོ་འདུག”ཅེས་བརྗོད། ཐེ་ལན་ལྟ་སྐོར་མཐུན་ཚོགས་ཀྱི་དྲུང་ཆེ་ཨ་ཏི·ཚའེ་ལ་ཏ་ན་ནུང་གིས། 2023ལོར་ཀྲུང་གོ་ནས་ཐེ་ལན་དུ་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་350ཙམ་ཟིན་ཡོད། ཐེ་ལན་དང་ཀྲུང་གོའི་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་སོགས་ཀྱི་སྲིད་ཇུས་ཀྱི་སྐུལ་འདེད་འོག་སྔོན་དཔག་བྱས་ན་འདི་ལོ་མི་ཐེངས་ཁྲི་600ནས་ཁྲི་800བར་མང་དུ་འགྲོ་རྒྱུ་རེད་ཅེས་བརྗོད།

    ཀྲུང་གོ་དང་ཐེ་ལན་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་བཟོས་པ་ལས་ཀྲུང་གོར་ཡུལ་སྐོར་དུ་ཡོང་མཁན་ཐེ་ལན་གྱི་ཡུལ་སྐོར་བའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད། གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་3པར་ཀྲུང་གོའི་ཡུན་ནན་གྱི་ཤིས་ཧྲོང་པན་ནཱའི་གནམ་ཐང་འགག་སྒོར་རྒྱལ་ཁོངས་ཐེ་ལན་ནས་ཡིན་པའི་རྒྱལ་སྒྲོལ་མི་གྲངས་ཟླ་བསྡུར་ལས་1183.87%འཕར་ཡོད།

    ཐེ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་ཐེ་ལན་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀུང·ཐ་ཕ་ལང་ཤིས། ཐེ་ལན་དང་ཀྲུང་གོའི་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་ལག་བསྟར་བྱས་པ་ལས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་མངོན་ནས་རྒྱལ་ཁབ་གཉིས་པོར་མཐུན་རྐྱེན་དང་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་ཡིན་པ་རེད། ཐེ་ལན་དང་ཀྲུང་གོ་མི་དམངས་དབར་གྱི་འགྲོ་འོང་སྔར་བས་སྟབས་བདེ་རུ་ཕྱིན་པ་ལས་ཡུལ་སྐོར་ཡོང་འབབ་འཕར་བར་སྐུལ་ཁྲིད་ཐུབ་པ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཐེབས་ནས་དམངས་ཚོགས་དབར་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ལ་མི་ཆོས་རིག་གནས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།