དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་གོ་ལ་ཧྲིལ་པོ་ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་ཡོང་བར་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2024-04-11

    ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་མཁོ་འདོན་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང་གནམ་གཤིས་འགྱུར་ལྡོག་གི《ཕ་རི་སིའི་གྲོས་ཆོད》ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པར་རམ་འདེགས་ཐུབ་པའི་སྤུས་ལེགས་ཐོན་ནུས་ཡིན་པ་དང་རྒྱལ་ཁབ་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུ་རེད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནས་བལྟས་ན། འདི་ལྟ་བུའི་སྤུས་ལེགས་ཐོན་ནུས་ཇི་ཙམ་མང་ན་དེ་ཙམ་གྱིས་ལེགས་པ་ཡོད།

    ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཡག་པོ་ཐུབ་ཡོད། “ཀྲུང་གོའི་ལྗང་མདོག་ལག་རྩལ་གྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་པ”དང་། “གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཐད་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ” “ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ནུས་པ་ཡག་པོ་ཐོན་པ”ལ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་དོ་ཁུར་བྱེད་ཅིང་། ཀྲུང་གོས་གོ་ལ་ཧྲིལ་པོ་ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་བས་འཛམ་གླིང་གི་ནུས་རྒྱུ་འཕེལ་རྒྱས་ཕྱོགས་སྒྱུར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ཏུ་གྱུར་བའི་ངོས་འཛིན་བྱེད་ཀྱི་ཡོད།

    ཀྲུང་གོའི་ནུས་རྒྱུ་གསར་པའི་ལག་རྩལ་གྱིས་གོ་ལ་ཧྲིལ་པོ་ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་ཡོང་བར་རམ་འདེགས་ཆེན་པོ་བྱས་ཡོད། ལོ་མང་རིང་གི་འཕེལ་རྒྱས་བཏང་བ་བརྒྱུད། ཀྲུང་གོའི་ནུས་རྒྱུ་གསར་པའི་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན་གྱི་ཆུ་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ་དང་འཛམ་གླིང་ཐོག་གི་གློག་ཤུགས་གཙང་མ་མཁོ་འདོན་མ་ལག་ཆེ་ཤོས་བསྐྲུན་ཟིན་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་ཀྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་རེ་བ་གསར་པ་སྦྱིན་ཡོད། གོ་ལ་ཧྲིལ་པོའི་ཀྲའོ་ཝ་16གི་མཚོ་སྟེང་རླུང་གློག་འཕྲུལ་ཚན་དང་པོ་དྲ་སྦྲེལ་ཐུབ་སྟེ་གློག་བཏང་བ་ནས་གོ་ལ་ཧྲིལ་པོའི་རབས་བཞི་པའི་ཉིང་རྡུལ་གློག་ཁང་ཐོག་མ་ཚོང་ལས་གཉེར་སྐྱོང་དངོས་སུ་བྱེད་འགོ་ཚུགས་པའི་བར་དང་། གློག་གསོག་ཐེངས་གཅིག་ལ་སྤྱི་ལེ་1000གཏོང་ཐུབ་པའི་གློག་རྫས་གསར་པ་ནས་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་གྲས་ནང་འདྲེན་བྱས་པའི་རིག་ནུས་སྡོད་གནས་གྲུ་ཚང་བར་ལ་སོགས་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་གསར་གཏོད་ཀྱི་ལེགས་ཆ་དང་སྤུས་ཚད་མཐོ་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། རྒྱལ་སྤྱིའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་ཧྲུའུ་ཡི་སྙན་ཞུའི་ནང་། འདས་ཟིན་པའི་ལོ་10ཡི་རིང་གོ་ལ་ཧྲིལ་པོའི་རླུང་གློག་དང་འོད་གློག་རྣམ་གྲངས་ཀྱི་ཆ་སྙོམས་གློག་གི་མ་གནས་རིམ་རྩིས་བྱས་ན་60%དང་80%ལྷག་ཙམ་ཆག་པའི་ཁྲོད་མང་ཆེ་བ་ནི་ཀྲུང་གོའི་གསར་གཏོད་དང་། ཀྲུང་གོའི་བཟོ་སྐྲུན། ཀྲུང་གོའི་ལས་གྲྭ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་འཁོད་ཡོད། རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་ཧྲུའུ་ཀྲང་ཧྥ་ཐི་ཧོ·པི་ལོར་གྱིས་ཀྲུང་གོས་རྒྱལ་ཁབ་གཞན་དག་ལ་འབྲེལ་ཡོད་ཞབས་ཞུ་དང་རྒྱབ་སྐྱོར་བྱས་པས་ནུས་རྒྱུ་གཙང་མའི་ལག་རྩལ་ཁྱབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་གོ་ལ་ཧྲིལ་པོར་ལྗང་མདོག་ལག་རྩལ་སྤྱོད་པའི་མ་གནས་དམའ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོས་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་གྱི་གཉིས་ཕན་རྣམ་པ་གསར་པ་བཏོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སོ་ཏི་ཨ་རབ་ཏུ་སྐྲུན་པའི་ཨར་ཧྲུའུ་པ་ཧོ་འོད་ཤུགས་གློག་ཁང་རྣམ་གྲངས་བསྐྲུན་ཟིན་རྗེས་ལོ་35ཡི་ནང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་དུང་ཕྱུར་2.45ཉུང་དུ་འགྲོ་རྒྱུ་ཡིན་པ་དེ་སྡོང་རྐང་དུང་ཕྱུར་5.45འདེབས་པ་དང་ཧ་ལམ་མཚུངས་ཀྱི་ཡོད། ཀྲུང་གོའི་ཁེ་ལས་དང་ཡོ་རོབ་ཀྱི་མཉམ་ལས་རོགས་ཟླས་སྐྲུན་འགན་འཁུར་བའི་ཏེན་མག་གི་པ་མོ་སེན་ཉི་ནུས་འོད་ཤུགས་གླིང་སྤྱོད་འགོ་ཚུགས་རྗེས་ཏེན་མག་གི་ཁྱིམ་ཚང་ཁྲི་3.8ལ་ལྗང་མདོག་གློག་མཁོ་འདོན་ཐུབ་ནས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་10.6ཉུང་དུ་གཏོང་ཐུབ་པ་ལ་སོགས་ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ནུས་རྒྱུ་གཙང་མའི་མ་འཇོག་བྱེད་རྒྱ་རླུང་གློག་དང་། འོད་གློག ཆུ་གློག་སོགས་ཁྱབ་ཁོངས་གཙོ་བོར་ཁྱབ་པ་དང་། རྒྱལ་ཁབ་གཞན་དག་ལ་ཐཱན་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱེད་རོགས་བྱས་ནས་ཐོན་ལས་དང་ལས་ཞུགས་གསར་པ་བཏོད་པ་དང་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། 2023ལོར་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་120.3ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་77.6%འཕར་ནས་གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་ཕྱོགས་སྒྱུར་ལ་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། རུ་ཝང་ཏའི་ཁྲོམ་གཞུང་དུ་གཏོང་བའི་ཀྲུང་གོས་བཟོས་པའི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་གྱིས་ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་དང་། ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་ཐེ་ལན་དུ་ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་གྲྭ་བཙུགས་ནས་ཐེ་ལན་གྱི་རླངས་འཁོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་རིམ་སྤོར་བྱེད་པར་རོགས་རམ་བྱས་ཡོད། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་མཁོ་འདོན་བྱས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང་གནམ་གཤིས་འགྱུར་ལྡོག་གི《ཕ་རི་སིའི་གྲོས་ཆོད》ཀྱི་དམིགས་ཚད་དོན་འཁྱོལ་ལ་རམ་འདེགས་བྱེད་པའི་སྤུས་ལེགས་ཐོན་ནུས་ཡིན་པ་དང་རྒྱལ་ཁབ་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་ཐུབ་པ་དོན་དངོས་ལས་ར་འཕྲོད་ཡོད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནས་བལྟས་ན། འདི་ལྟ་བུའི་སྤུས་ལེགས་ཐོན་ནུས་ཇི་ཙམ་མང་ན་དེ་ཙམ་གྱིས་ལེགས་པ་ཡོད།

    གནམ་གཤིས་འགྱུར་ལྡོག་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཞིག་ཡིན་པ་དང་། ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་ཐུན་མོང་གི་བསམ་འདུན་ཞིག་རེད། ཀྲུང་གོས་ལག་རྩལ་གསར་གཏོད་དང་། འཐུས་སྒོ་ཚང་བའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་མ་ལག ཁྲོམ་རའི་འགྲན་རྩོད་ཆེན་པོ་བཅས་ལ་བརྟེན་ནས་ནུས་རྒྱུ་གསར་པའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་བ་དང་འབྲེལ་སྒོ་དབྱེའི་རྣམ་པའི་ཐོག་ནས་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་བས་རྒྱལ་ཁབ་ཁག་ལ་ལྗང་མདོག་འཕེལ་རྒྱས་དང་གཉིས་ཕན་འཕེལ་རྒྱས་ཀྱི་གོ་སྐབས་སྦྱིན་ཡོད། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་མིའི་རིགས་ཡོངས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་མཐོ་ཚད་ནས་ནུས་རྒྱུ་གསར་པའི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། གཙང་ཞིང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།