དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དུས་རབས་གསར་པའི་བུད་མེད་ཀྱི་ཉམས་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཕྱོགས་གང་སར་བུད་མེད་ཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་ཚོའི་ནང་ཁེ་ལས་པ་དང་། སྨན་དོན་པ། དགེ་རྒན། ཉེན་རྟོག་པ་སོགས་དང་དེ་བཞིན་ཁྱིམ་སྐྱོང་གི་བྱ་བར་རྩེ་གཅིག་ཏུ་གཞོལ་བའི་སྐྱེད་མ་དང་བཟའ་ཟླ་ཡང་ཡོད།

    ཁོང་ཚོས་སྤྱི་ཚོགས་ཐོག་འགན་འཁྲི་འཁུར་བ་དང་ཁྱིམ་ཚང་ཆེད་ལེགས་སྐྱེས་ཕུལ་ནས་སྐྱེས་པ་དང་འདྲ་བར་སྤྱི་ཚོགས་ཀྱི་བྱ་གཞག་སྒྲུབ་བཞིན་ཡོད།

    འདི་ནི་སློབ་གསེང་རིང་རྒན་ཧྲི་ཐར་དཔའ་མཚོས་སློབ་མར་སྐྲ་བསླ་བཞིན་པ།

    ཧྲི་ཐར་དཔའ་མཚོ།

    སློབ་ཁྲིད་ཀྱི་ལས་ལ་གཞོལ་ནས་སློབ་མ་བྱམས་ཀྱིས་བསྐྱངས།

    ཧྲི་ཐར་དཔའ་མཚོ་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་སློབ་ཆུང་དང་པོའི་སློབ་སྤྱི་གཞོན་པ་ཡིན་ལ། ཨང་རྩིས་དགེ་རྒན་ཞིག་ཀྱང་རེད། འདི་ལོའི་བར་ཁོང་དགེ་རྒན་བྱས་ནས་ལོ་19སོང་ཞིང། ལོ་དེ་དག་ནང་ཁོང་གིས་ལས་བཀུར་ལེགས་སྐྱེས་དང་། དཀའ་སྤྱད་བརྩོན་ཞིབ། སློབ་གྲྭ་ཁྱིམ་ལ་བརྩི་བ་བཅས་བྱས་ནས་ཁོང་གི་བྱམས་སྐྱོང་འོག་སློབ་མ་མང་པོ་ཞིག་རྫོང་གྲོང་སློབ་གྲྭར་ཚུད་དེ་མི་ཚེའི་ལམ་བུ་གསར་པར་བསྐྱོད་ཡོད།

    2005ལོར་དགེ་འོས་ཆེད་ལས་ཐོན་པའི་ཁོང་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ས་སྒང་ཤང་སློབ་ཆུང་གི་དགེ་རྒན་བྱས།

    ཕ་ཡུལ་དང་བར་ཐག་ཆེན་པོ་འཛོལ་བ་དང་འདི་གར་ཆ་རྒྱུས་མེད་པས་རྟག་ཏུ་ཕ་ཡུལ་དང་གཉེན་ཉེ་དྲན་གྱི་ཡོད། འོན་ཀྱང་ཕྲུ་གུ་ཚོའི་ཤེས་བྱ་སྦྱངས་འདོད་ཆེ་བའི་མིག་ཟུང་དང་ཁོང་ཚོའི་ཕ་མ་ཚོའི་རེ་བའི་འདུན་པ་མཐོང་སྐབས། ཁོང་ལ་བརྗོད་མི་ཤེས་པའི་ངར་ཤུགས་སྐྱེས་ཏེ་ཐེ་ཚོམ་མེད་པར་ལས་ཀའི་འགན་འཁྲི་ཕྲག་ཏུ་འཁུར།

    ཁོང་གི་སློབ་གཞི་དང་སློབ་ཁྲིད་ཀྱི་དེབ་ཁ་ཕྱེ་སྐབས་གནད་ཚིག་ལ་རྟགས་བརྒྱབ་ཡོད་པ་དང་ཐོ་མང་པོ་བཀོད་པ་དེ་དག་ལས་ཁོང་གིས་སློབ་གསོའི་ལས་དོན་གལ་འགངས་ཆེན་པོར་འཛིན་པ་ཤེས་ཐུབ་ལ། མཚན་འཁྱོངས་དང་ངལ་གསོའི་དུས་ཚོད་མང་པོ་དོར་ནས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ཀྱི་ལས་ལ་གཞོལ་བ་མཐོང་ཐུབ།

    སློབ་མ་ཚོ་དང་ལོ་མང་གཤིབ་པ་བརྒྱུད། ཁོང་ལ་མི་ཚེའི་དོན་སྙིང་རྙེད་ཅིང་། ཁོང་གིས“ང་རང་དགེ་རྒན་གྱི་ལས་ཀ་དེར་དགའ་པོ་ཡོད། དེ་ནི་ངའི་ལས་ཀ་ཡིན་པ་མ་ཟད། ངས་ཚེ་གང་འབད་འཐབ་བྱེད་པའི་བྱ་གཞག་ཉག་ཅིག་དེ་ཡིན”ཞེས་བཤད།

    ཁོང་དང་འདྲ་བའི་གཞི་རིམ་གྱི་དགེ་རྒན་ཁྲི་སྟོང་མང་པོས་རང་འཁྲིའི་ལས་གནས་བརྟན་པོར་བསྲུངས་ཏེ་སློབ་མ་ཚོར་ཤེས་བྱ་སློབ་ཁྲིད་དང་སློབ་མ་ཚོའི་ངོ་མཚར་ཕུགས་འདུན་སྒྲུབ་པར་བྱས་ལ། ཕྲུ་གུ་ཚོར་དེ་བས་ཡངས་པའི་མཛེས་སྡུག་ལྡན་པའི་འཇིག་རྟེན་གཏོད་བཞིན་ཡོད།

    འདི་ནི་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་བུ་བཙའ་ཁང་གི་སྨན་ཞབས་པས་ལས་སྒོའི་སྐོར་སྤེལ་རེས་དང་གྲོས་བསྡུར་བྱེད་བཞིན་པ།

    པའེ་རུང་རུང་།

    ཆེད་ལས་དང་བརྩེ་སེམས་ལ་བརྟེན་ནས་མ་བུའི་བདེ་ཐང་སྲུང་།

    བོད་ལྗོངས་ཧྥུའུ་ཁང་སྨན་ཁང་བུ་བཙའ་ཁང་གི་སྨན་གཡོག་དཔོན་པའེ་རུང་རུང་གིས་སྨན་གཡོག་གི་ལས་ཀ་བྱས་ནས་ལོ་20ལྷག་ཙམ་སོང་རིང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་དང་ནད་ཐོག་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་བུད་མེད་དང་བུ་བཙའ་ཚན་ཁག་གི་སྨན་གཡོག་དཔོན་དང་། བུ་བཙའ་ཚན་ཁག་གི་སྨན་གཡོག་དཔོན། བུ་བཙའ་ཁང་གི་སྨན་གཡོག་དཔོན་བཅས་ཀྱི་ལས་འགན་སྔ་རྗེས་སུ་འཁུར་མྱོང་།

    ལོ་མང་རིང་། པའེ་རུང་རུང་གིས་སྦྲུམ་མའི་སྐྱེ་ཟུག་ཇེ་ཆུང་དུ་གཏོང་རྒྱུ་དེ་བྱ་གཞག་ཅིག་ལ་བརྩིས་ནས་ཞབས་འདེགས་ཞིབ་ཚགས་སུ་གཏོང་བ་དང་བརྒྱུད་རིམ་ཐད་རྙིང་དོར་གསར་འབྱེད་ཟམ་མི་ཆད་པར་བྱེད་ཀྱི་ཡོད། དཔེར་ན་ཕྲུ་གུའི་པ་ཕར་ཕྲུ་གུ་དམར་འབྱར་གྱི་ལྟེ་བ་གཅོད་དུ་བཅུག་ནས་བུད་མེད་ཀྱིས་ཕྲུ་གུ་སྐྱེ་དུས་ལས་སླ་པོ་མེད་པ་སོགས་མྱོར་ཚོར་ཐུབ་པར་བྱས་ནས་བུ་བཙའ་ཁང་གི་ཞབས་ཞུའི་རྣམ་པ་ཧུར་ཐག་བཏོད་པ་དང་སྦྲུམ་མ་དང་ཡང་སེ་སྐད་ཆ་ཤོད་པར་སྣང་ཆེན་བྱས་ནས་བུ་བཙའ་ཁང་གི་ལས་དོན་པར་སེམས་རྩ་འཁོལ་བའི་ཞབས་ཞུའི་རྣམ་འགྱུར་དང་འབྲེལ་གཏུག་བྱེད་ནུས་ཡག་པོ་དགོས་པ་སོགས་ཀྱི་རེ་བ་འདོན་གྱི་ཡོད།

    བརྗེད་པར་དཀའ་བའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། པའེ་རུང་རུང་གིས་2020ལོའི་ཉིན་ཞིག་ལ་མ་གཞི་བྱས་ན་ནང་ལ་སྔ་ཙམ་ལོག་ནས་ཕྲུ་གུར་ཁ་ལག་བཟོ་དགོས་བསམ་རུང་ལས་ཐག་གཅོད་སྐབས་ཕྲུ་གུ་སྐྱེ་རན་པའི་སྦྲུམ་མ་ཞིག་གིས་དངངས་སྐྲག་ཆེན་པོས་པའེ་རུང་རུང་གི་ལག་ནས་བཟུང་སྟེ། གཏོང་འདོད་མི་བྱེད་པར་བརྟེན་སྦྲུམ་མའི་བདེ་འཇགས་ཀྱི་ཆེད་དུ་སྨན་ཁང་དུ་སྦྲུམ་མར་ཕྲུ་གུ་སྐྱེ་གཡོག་བརྒྱུགས་ཏེ་སེམས་གསོ་དང་སྐུལ་ལྕག་བྱས་ནས་བསྡད།

    སྦྲུམ་མ་མང་པོ་ཞིག་གིས་ཕྲུ་གུ་སྐྱེས་རྗེས་པའེ་རུང་རུང་གི་སྐད་འཕྲིན་ནང་འཛུལ་ནས་ཕྲུ་གུར་ལྟ་སྐྱོང་བྱེད་སྟངས་སྐོར་གྱི་རྒྱུན་ཤེས་རྟག་ཏུ་འདྲི་བ་དང་། པའེ་རུང་རུང་གིས་ཀྱང་སེམས་རྩ་འཁོལ་པོས་ཁོང་ཚོའི་དོགས་གནད་སེལ་རོགས་བྱེད་ཀྱི་ཡོད། ཕྲུ་གུ་དམར་འབྱར་དྲན་པ་གསོ་བའི་ལག་རྩལ་རྒྱལ་སྤྱི་དང་འབྲེལ་མཐུད་ཡོང་བ་འགན་ལེན་བྱ་ཆེད། ལས་ཀའི་བར་གསེང་དུ། པའེ་རུང་རུང་གིས་ནད་སྐྱོང་གི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་ལྟ་ཀློག་བྱས་ནས་རིག་གཞུང་གི་ཚོགས་འདུ་དང་། གསོ་སྦྱོང་དང་མུ་མཐུད་སློབ་གསོ་སོགས་ཀྱི་ནང་ཧུར་ཐག་ཞུགས་ཏེ། ཆེད་ལས་དེའི་རྒྱལ་ཁབ་ཕྱི་ནང་གི་ད་ལྟའི་གནས་སྟངས་དང་འཕེལ་ཕྱོགས་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ། རང་ངོས་ཀྱི་ཆེད་ལས་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་བཏང་བ་དང་འབྲེལ། སྨན་ཁང་གི་ནད་སྐྱོང་བའི་ཆེད་ལས་རྩལ་ནུས་ཆེ་རུ་གཏོང་རྒྱུ་དར་སྤེལ་བཏང་ནས། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་བདེ་འཇགས་ལ་སྔར་བས་འགན་ལེན་བྱེད་ཀྱི་ཡོད།

    འདི་ནི་ཉི་མ་བུ་ཁྲིད་ཀྱིས་སློབ་ཚན་ཁྲིད་བཞིན་པ།

    ཉི་མ་བུ་ཁྲིད།

    བརྩེ་བ་ཟབ་མོས་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད།

    “ལས་ཞུགས་དུས་བབ་ཀྱི་འགྱུར་ལྡོག་ནི་ང་ཚོར་འཕྲད་པའི་འགྲན་སློང་ཡིན་ལ། དུས་རབས་ལས་བྱུང་བའི་གོ་སྐབས་ཤིག་ཀྱང་རེད” སློབ་འགོ་ཚུགས་པའི་གཟའ་འཁོར་དང་པོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཏང་ཨུད་ཀྱི་ཨུ་ཡོན་དང་བོད་སྨན་ཚན་ཁག་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཉི་མ་བུ་ཁྲིད་ཀྱིས་སློབ་མ་ཚོར་དམིགས་བསལ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག་འཁྲིད།

    སློབ་ཁྲིད་ལས་དོན་ནང་ཞུགས་ནས་ལོ་30ཙམ་སོང་བའི་ཉི་མ་བུ་ཁྲིད་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་སློབ་ཁྲིད་དང་དགེ་སློབ་ཚོའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་ལ་འགན་འཁུར་བ་དང་། རྒྱུན་དུ་སློབ་མའི་འཚོ་བ་དང་བསམ་བློའི་འཁྱེར་སོ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་རོགས་བྱེད་ཀྱི་ཡོད།

    སློབ་མའི་སེམས་ནང་ཉི་མ་བུ་ཁྲིད་ནི་དགེ་རྒན་བཟང་པོ་ཞིག་ཡིན་ལ་གྲོགས་པོ་བཟང་པོ་ཞིག་ཀྱང་རེད། སློབ་སྦྱོང་དང་ལས་ཀ་འདེམས་པ་སོགས་ཀྱི་ཐད་ཁོང་གིས་དུས་ཐོག་ཏུ་སློབ་མའི་དོགས་གནད་སེལ་བ་མ་ཟད། སློབ་མའི་འདོད་བློར་བརྩི་འཇོག་བྱས་ནས་ཁོང་ཚོར་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ལྕག་སྐུལ་བྱེད་ཀྱི་ཡོད།

    ཉི་མ་བུ་ཁྲིད་ཀྱིས་སློབ་གྲྭ་ཐོན་པའི་དུས་སུ་སླེབས་རིམ་བཞིན་འབད་བརྩོན་ཆེ་བའི་སློབ་མར་ལས་ཀ་ཡག་པོ་རག་པའམ་ཡང་ན་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་མཐོང་སྐབས་སེམས་ནང་ཧ་ཅང་དགའ་པོ་འདུག ཁོང་ཚོ་ནི་མེས་རྒྱལ་གྱི་མ་འོངས་པའི་རྐང་འཛིན་ཡིན་པས། དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་ཕྲུ་གུ་དེ་དག་ལ་ལྟ་རྟོག་དང་གསོ་སྐྱོང་བྱེད་པའི་འགན་འཁྲི་ཡོད་ལ་འོས་འགན་ཡང་ཡོད། ཁོང་ཚོར་གྲུབ་འབྲས་བཟང་པོ་ཐོབ་པ་མཐོང་སྐབས་སེམས་ནང་དགའ་ཚོར་དང་སྤོབས་པ་སྐྱེ་གི་འདུག་ཅེས་གསར་འགོད་པར་བཤད།

    ཉི་མ་བུ་ཁྲིད་ཀྱིས་སླད་ཕྱིན་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་འགན་འཁྲི་དང་ལས་འགན་ཡག་པོ་བསྒྲུབས་ནས་བརྩེ་བ་ཟབ་མོས་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་དོ་ཁུར་བྱས་ནས་ལས་འགན་ལྕི་པོ་ཐེག་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད།

    འདི་ནི་ལྷག་པ་ཕན་ཐོགས་ཀྱིས་ཐོན་རྫས་ལ་ཞིབ་ཏུ་ལྟ་བཞིན་པ།

    ལྷག་པ་ཕན་ཐོགས།

    བདུག་སྤོས་ལས་རིགས་གསར་གཏོད་དང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད།

    ཁྱེད་རང་ལྷ་སའི་བར་སྐོར་དུ་འཆམ་འཆམ་ལ་སྐྱོད་སྐབས་དམིགས་བསལ་གྱི་ཚོར་སྣང་ཞིག་བྱུང་སྲིད། གང་ལགས་ཤེ་ན། འདི་གར་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡོད་པ་མ་ཟད། མཁའ་རླུང་ནས་སྨན་རྩྭའི་དྲི་ཞིམ་གང་སར་འཐུལ་ཏེ་མི་རྣམས་ལ་སྣང་བ་སྐྱིད་པོ་ཞིག་སྦྱིན།

    དེ་ནི་ཁེ་ལས་མཁས་ཅན་ལྷག་པ་ཕན་ཐོགས་ཀྱི་འདྲེན་བྱེད་ལམ་དུ་མངོན་པའི་ལྷ་སའི་རྣམ་པ་རེད། བརྩེ་སེམས་ཟབ་མོས་ཕྱུག་པའི་ལྷག་པ་ཕན་ཐོགས་ཀྱིས་2013ལོར་ལྷ་སའི་མཚུར་ཕུའི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་རེད།

    འོན་ཀྱང་། བྱ་བ་ཐམས་ཅད་འགོ་བརྩམས་པར་དཀའ་ཞེས་པ་ལྟར། མདུན་གྱི་ལོ་གསུམ་ནང་ཀུང་སིར་བུ་ལོན་མང་པོ་ཆགས་ཀྱང་མུ་མཐུད་ཚོང་གཉེར་བྱས་མོད། ཡུན་རིང་མ་སོང་བར་ལྷག་པ་ཕན་ཐོགས་ལ་བློས་གཏོང་བྱེད་པའི་བསམ་བློ་འཁོར། འོན་ཀྱང་ནང་མི་དང་གྲོགས་པོ་གྲོགས་མོ་ཚོའི་སྐུལ་ལྕག་འོག ཁོང་གིས་སྙིང་སྟོབས་ཆེར་སྐྱེད་ཀྱིས་སྤུས་རྟགས་གསར་པ་བཏོད་དེ“གནའ་བོའི་སྤོས་སྦྱོར་བྱེད་སྟངས་རྒྱུན་འཛིན་དང་རྫས་འགྱུར་སྦྱོར་རྟ་མི་བྱེད་པའི”དམིགས་ཚད་ལག་བསྟར་ནན་པོ་བྱས་ནས་བྲིན་འཚོང་རྒྱ་ཁྱབ་བྱས་པར་ཁྲོམ་རའི་ཁས་ལེན་རིམ་གྱིས་ཐོབ་ཡོད་པ་རེད།

    “སྤོས་བཟོ་བའི་ལག་རྩལ་ཐད་ཡག་ཐོག་ཡག་བརྩེགས་བྱུང་བ་ཕུད། ང་ཚོས་ཀྱང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཁག་གཅིག་བཟོས་པར་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་འདུག དཔེར་ན། ང་ཚོས་སྤོས་དང་སི་སྐུད་ཀྱི་རིག་གནས་ཟུང་འབྲེལ་བྱས་ཏེ་སྤོས་ལ་སི་སྐུད་དཀྲིས་པའི་སྤོས་གཤོང་བཟོས་ཡོད་ལ། སྤོས་བསྲེས་པའི་ལག་གདུབ་བཟོ་རྩལ་ཐོན་རྫས་ལའང་ཚང་མས་དགའ་པོ་བྱེད་ཀྱི་འདུག”ཅེས་ལྷག་པ་ཕན་ཐོགས་ཀྱིས་བརྗོད།

    གྲོང་གསེབ་ཀྱི་བུད་མེད་དེ་བས་མང་བར་ལས་གཏོད་འབབ་འཕར་ཡོང་བར་རོགས་རམ་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། ལྷག་པ་ཕན་ཐོགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་རིན་པ་མི་དགོས་པར་ས་གནས་དེ་གའི་བུད་མེད་ལ་རྩལ་ནུས་གསོ་སྦྱོང་བྱས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། ཁོང་ཚོར་དངོས་སྤྱོད་ལག་རྩལ་ཁོང་དུ་ཆུད་པ་དང་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རོགས་བྱས་པ་རེད།

    ལེགས་སྐྱེས་ཆེན་པོ་དེ་ལྟར་ཕུལ་བར་བརྟེན། 2020ལོའི་ཟླ་3པར། ལྷག་པ་ཕན་ཐོགས་ལ་2019ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“གསུམ་བརྒྱད་དར་དམར་བའི”མཚན་སྙན་ཐོབ་པ་དང་། 2024ལོའི་ཟླ་3པར། ལྷག་པ་ཕན་ཐོགས་ལ་རྒྱལ་ཡོངས་ཀྱི“གསུམ་བརྒྱད་དར་དམར་བའི”མཚན་སྙན་ཐོབ་ཡོད། ལྷག་པ་ཕན་ཐོགས་ཀྱིས་བཙུགས་པའི་ལྷ་སའི་མཚུར་ཕུའི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིར་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།