དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་དཔྱིད་ཀར་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་གསོན་ཤུགས་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཁོ།   |     སྤེལ་དུས།  2024-04-10

    ཅང་ཤིས་ཝུའུ་ཡོན་དུ་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག་དང་རྫ་གཡམ་ཐོག་གི་ཁང་པ་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་ལྷག་པར་མཛེས་པས་མེ་ཏོག་གི་མཛེས་སྡུག་ལ་རོལ་བར་ཡོང་བའི་ཡུལ་སྐོར་བ་ཤིན་ཏུ་མང་། ཧོ་ནན་ལུའོ་དབྱང་དུ་ཤིང་པད་མའི་སྣ་ཁ་གསར་པ“ཟླ་གསུམ་ལན་ཧྭ”ལྷུག་པོར་བཞད་ཅིང་། ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་རེད།

    དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་གཉེན་འཕྲད་དང་། ཡུལ་སྐོར། སྔོ་གསོལ་སོགས་ལ་འགྲོ་མཁན་མང་ལ། རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། གུང་གསེང་ཉིན་3ནང་རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་ཐེངས་དུང་ཕྱུར་1.19ཟིན་པ་དེ་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2019ལོའི་དུས་མཚུངས་ལས་11.5%འཕར་བ་དང་། རྒྱལ་ནང་ཡུལ་སྐོར་གྱི་འགྲོ་སོང་སྒོར་དུང་ཕྱུར་539.5ཟིན་པ་དེ་2019ལོའི་དུས་མཚུངས་ལས་12.7%འཕར་ཡོད།

    ཁམ་བུའི་མེ་ཏོག་དང་། ལིའི་མེ་ཏོག པད་ཁའི་མེ་ཏོག ཤིང་པད་མ་ལ་སོགས་སྔོ་གསོལ་དང་མེ་ཏོག་གི་མཛེས་པར་རོལ་བ་ནི་རིག་གནས་ཡུལ་སྐོར་ཁྲོམ་རའི་བཀྲག་མདངས་འཚེར་བའི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད།

    གྲངས་གཞི་ལས་མངོན་པར། ཟླ་བ་3པ་ནས་བཟུང“མེ་ཏོག་གི་མཛེས་པར་རོལ་བ”དང“སྔོ་གསོལ”གྱི་སྤ་སེའི་མངགས་ཐོའི་གྲངས་འབོར་དུས་མཚུངས་ལས་ལྡབ་7ལ་ཉེ་བ་འཕར་བ་དང་། མེ་ཏོག་གི་མཛེས་པར་རོལ་བའི་འབྲེལ་ཡོད་ཐོན་རྫས་སྔོན་མངགས་བྱེད་ཚད་དུས་མཚུངས་ལས་ལྡབ་3ལྷག་ཙམ་འཕར་ཡོད་པ་རེད།

    “སྔོ་གསོལ་དང་མེ་ཏོག་གི་མཛེས་པར་རོལ་བ་སོགས་ད་ལོའི་དཔྱིད་ཀར་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་གསོན་ཤུགས་ཆེ་ལ། དེ་ཐོག་ནས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་པ་མ་ཟད། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་རིམ་སྤོར་གྱི་མཚོན་ཚུལ་ཞིག་ཀྱང་རེད”ཅེས་མོས་ཚོགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ལི་ཅི་ཝེ་ཡིས་བཤད།

    ད་ལོའི་ཚུན་དུ་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་མཐུད་ཐུབ་པ་དང་། གཞི་ཁྱོན་ཆེ་རུ་ཕྱིན་པ་དང་། དུས་མཚུངས་སུ་གྲུབ་ཆ་རྒྱུན་མཐུད་ངང་རང་གཤིས་ཅན་དང་སྣེ་མང་ཅན་དུ་རིམ་སྤོར་བྱུང་ཡོད། མི་རྣམས་ཀྱི་རང་བྱུང་ཁམས་དང་ཉེ་བཅར་དང་ལུས་སེམས་ངལ་གསོ་བའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་སྔོ་གསོལ་དང་མེ་ཏོག་གི་མཛེས་པར་རོལ་རྒྱུ་དེ་ཡུལ་སྐོར་སྤྲོ་གསེང་གི་གདམ་ག་ཡག་ཤོས་སུ་གྱུར་ཡོད།

    《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“རིག་ནུས་ཁྱིམ་ཆས་དང་། རོལ་རྩེད་ཡུལ་སྐོར། ལུས་རྩལ་འགྲན་བསྡུར། དར་སོ་ཆེ་བའི་རྒྱལ་ཐོན་ཐོན་རྫས་སོགས་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས”ཞེས་བཏོན་ཡོད། ས་གནས་ཁག་གིས་མེ་ཏོག་གི་མཛེས་པར་རོལ་བའི་འཛད་སྤྱོད་ཀྱི་དགོས་མཁོའི་འཕེལ་ཕྱོགས་གསར་པར་དམ་པོར་དམིགས་པ་དང་ས་གནས་དེ་གའི་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། བྱེད་སྒོ་སྣ་ཚོགས་སྤེལ་ནས་ཡུལ་སྐོར་བར་དེ་བས་ཕུན་སུམ་ཚོགས་པའི་མྱོང་རོལ་དང་ཉམས་ལེན་མཁོ་འདོན་བྱས་པས་མི་རྣམས་ཀྱི་འཛད་སྤྱོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་ཡོད།

    སྔོ་གསོལ་དང་མེ་ཏོག་གི་མཛེས་པར་རོལ་བར་རིག་གནས་ཀྱི་ཉམས་འགྱུར་ཆེན་པོ་ལྡན་ཞིང་། ཧོ་ནན་ལུའོ་དབྱང་དུ་རྒྱ་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་ནས་མེ་ཏོག་གླིང་སྐོར་བ་དེ་ན་གཞོན་མང་བོ་ཞིག་གི་དར་སྲོལ་གསར་བ་ཞིག་ཏུ་གྱུར་ཡོད། ཅང་སུའུ་ནན་ཅིང་མོ་ཁྲོའུ་མཚེའུ་སྤྱི་གླིང་དུ“མངར་འབྲས་མེ་ཏོག་དང་ཀྲུང་གོའི་ཉམས་འགྱུར་ཟུང་དུ་འབྲེལ་བའི”མངར་འབྲས་མེ་ཏོག་འདུ་ཚོགས་རིང་མི་རྣམས་ཀྱིས་པར་བརྐོས་རི་མོ་དང་། རླུང་གཡབ། རྩི་ཤིང་རྡོ་པར་སོགས་སྲོལ་རྒྱུན་བཟོ་རྩལ་ཉམས་ལེན་བྱས་ནས་མེ་ཏོག་གི་མཛེས་པར་རོལ་བ་དང་ཆབས་ཅིག སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཡོད།

    སྔོ་གསོལ་དང་མེ་ཏོག་གི་མཛེས་པར་རོལ་བར་དབྱིངས་ཞུགས་པའི་ཉམས་སྣང་ཆེན་པོ་ལྡན་ཞིང་། ཅང་ཤིས་ཝུའུ་ཡོན་ཡན་ཐེན་གྲོང་ཚོར་མེ་ཏོག་ལ་ལྟ་བའི“མེ་འཁོར་ཆུང་ངུ”གཉིས་ཀྱིས་ཡུལ་སྐོར་བ་མང་པོ་བླུགས་ཏེ་པད་ཁའི་མེ་ཏོག་ཞིང་ཁའི་གསེབ་ཏུ་བསྐྱོད་ནས་ཡུལ་སྐོར་བས་མེ་ཏོག་ལ་ལྟ་བ་དང་པར་རྒྱག་པ་སོགས་ཅི་དགར་རོལ་བ་རེད། ཡུན་ནན་ཏ་ལི་རུ་དམངས་སྲོལ་གནས་ཚང་གི་སྒོ་རའི་ནང་མེ་ཏོག་རབ་ཏུ་བཞད་པས་འགྲུལ་པས་ཕྱིར་སྐྱོད་མི་དགོས་པར་དཔྱིད་ཀྱི་མཛེས་ཉམས་ལ་མྱོང་རོལ་ཐུབ་ཀྱི་ཡོད།

    ས་གནས་ཁག་གིས་སྔོ་གསོལ་དང་མེ་ཏོག་གི་མཛེས་པར་རོལ་བ་དང་སྒར་སྡོད། ཚོང་འདུས། ལུས་རྩལ་སོགས་ལས་རྣམ་མཉམ་འདྲེས་འཕེལ་རྒྱས་བཏང་ནས་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད། མཛེས་ལྗོངས་ཁུལ་གྲགས་ཅན་མི་ཉུང་བ་ཞིག་ཏུ་བསམ་བཀོད་ཀྱིས་ཕྱུག་པའི་མེ་ཏོག་དང་འབྲེལ་བའི་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་གཞི་ཁྱོན་ངེས་ཅན་ལྡན་པའི་ཐོན་ལས་སུ་འཕེལ་རྒྱས་ཕྱིན་ཡོད།

    ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཀྲོའུ་ཁའེ་ཡོན་གྲོང་ཁྱེར་དུ་མེ་ཏོག་ཐོན་ལས་ཀྱིས་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཁའེ་ཡོན་གྲངས་འཛིན་མེ་ཏོག་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལས་སྟེགས་ཀྱིས་མེ་ཏོག་འདེབས་མཁན་ཞིང་པར་གནད་སྨིན་འདེབས་གསོར་རོགས་རམ་བྱས་ཏེ་སྐྱེ་དངོས་ཐོན་འབབ་དང་སྤུས་ཚད་མཐོ་རུ་བཏང་ཞིང་། ཁའེ་ཡོན་གྲོང་ཁྱེར་ཀྲི་ཧྭ་གྲོང་རྡལ་གྱིས་མེ་ཏོག་ཞིབ་འཇུག་གསར་སྤེལ་འདེབས་འཛུགས་ཁུལ་དང་། ཐོན་ལས་མཉམ་འདྲེས་ཞབས་ཞུའི་ཁུལ། གྲོང་ཚོ་ཁྱབ་འགྱེད་སྐུལ་ཁྲིད་ཁུལ་བཅས་ཁུལ་ཆེན་པོ་གསུམ་བཏོད་དེ་ས་བོན་ཞིབ་འཇུག་གསར་སྤེལ་དང་སོན་མྱུག་གསོ་སྤེལ་ལ་སྐུལ་འདེད་བཏང་བ་ཕུད་ཉོ་ཚོང་འགྲེམས་ཚོགས་ལྟེ་གནས་དང་། མེ་ཏོག་གསོལ་མགྲོན་ཁང་། ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་སོགས་ཀྱི་ལས་རྣམ་དང་མཉམ་འདྲེས་བྱས་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་བརྒྱ་ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

    རིགས་གཅིག་མཁས་ཅན་གྱིས་སྣ་མང་རང་བཞིན་དང་རང་གཤིས་ཅན་གྱི་ཁྱད་ཆོས་ལ་སྟངས་འཛིན་བྱས་ཏེ་རང་བྱུང་མཛེས་ལྗོངས་དང་མི་ཆོས་ཐོན་ཁུངས་དེ་བས་ལེགས་པའི་ངང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། མེ་ཏོག་གི་མཛེས་པ་ཁོ་ནར་རོལ་བ་ནས་ཕ་མ་དང་བུ་ཕྲུག་མཉམ་དུ་ཞིབ་སྦྱོང་དང་། ཞིང་ནང་སྤྲོ་གསེང་། ལུས་གསོའི་སྤྲོ་གསེང་སོགས་སྣ་མང་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་ལ་འགྱུར་བར་བྱས་ནས་འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་དགོས་པའི་གྲོས་འགོ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།