དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་བ།
གཞིས་རྩེའི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་པ།
འདི་ལོ་ནས་བཟུང་། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ས་གནས་ཀྱི་ཞིང་ལས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། དངུལ་ཁང་སྒྲིག་གཞི་སྒྲིག་འཛུགས་བྱས་ནས“ཞིང་གསུམ”གྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་དང་དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་ནུས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས“ཞིང་གསུམ”འཕེལ་རྒྱས་འགྲོ་བར་དངུལ་རྩའི་ནུས་པ་གང་ལེགས་བཏོན་ཞིང་། ཟླ་གཉིས་པའི་ཟླ་མཇུག་བར། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་203.88ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་དངུལ་བུན་བསྡོམས་འབོར་གྱི་45.89%བཟུང་ཡོད།
དཔྱིད་རྨོད་མ་དངུལ་གྱི་དགོས་མཁོ་འགན་སྲུང་གང་ལེགས་བྱ་ཆེད། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་ལ་དཔྱིད་རྨོད་དཔྱིད་གྲབས་དང་། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན། ནས་ཀྱི་སོན་བཟང་རྟེན་གཞི། ཁྱད་ལྡན་ཕྱུགས་ཟོག་རྒྱུད་པ་ལེགས་བཅོས་ར་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ།ཡིད་རྟོན་དངུལ་བུན་གྱི་ཞབས་ཞུ“དཔྱིད་འགོའི་བྱ་སྤྱོད”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་གཞིས་རྩེ་གྲོང་ཁྱེར་གྱི“ཞིང་གསུམ”ཁྱབ་ཁོངས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། ཟླ་བ་གཉིས་པའི་ཟླ་མཇུག་ཏུ། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་203.88ཟིན་པའི་ནང་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་བཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་110.85ཟིན་པ་དེས་ཞིང་འབྲེལ་དངུལ་བུན་བསྡོམས་འབོར་གྱི་54.37%བཟུང་ཡོད།
གཞན་ཡང་། “བྱང་བུ་བཞིའི”ཡིད་རྟོན་དངུལ་གྲངས་ཀྱིས་ཞིང་དུད་ཀྱི་དགོས་མཁོ་དངོས་སྐོང་མི་ཐུབ་པར་དམིགས་ཏེ། ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་རང་སྐྱོང་ལྗོངས་རྒྱུ་ནོར་ཡིད་རྟོན་ཁག་ཐེག་ཀུང་སི་དང་མཉམ་ལས་བྱས་ཏེ། དེ་སྔའི་ཞིང་དུད་ཀྱི“བྱང་བུ་བཞིའི”ཡིད་རྟོན་དངུལ་གྲངས་ཀྱི་རྨང་གཞིའི་ཐོག་ཡིད་རྟོན་ཁག་ཐེག་བྱེད་སྟངས་ལ་བརྟེན་ནས་སླར་ཡང་50%ཡི་ཡིད་རྟོན་རྒྱབ་སྐྱོར་བྱས་ཤིང་། ཟླ་བ་གཉིས་པའི་ཟླ་མཇུག་ཏུ། གྲོང་ཁྱེར་ཡོངས་ཀྱི“བྱང་བུ་བཞིའི”ཡིད་རྟོན་ཆེ་རུ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་3.22ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་2.24མང་དུ་ཕྱིན་ནས་འཕར་ཚད་ལྡབ་2.29ཟིན་ཡོད།