དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དྭངས་གསལ་དུས་ཚིགས་སུ་ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་བ།

    སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲའོ་ཀྲེང་།   |     སྤེལ་དུས།  2024-04-07

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་བཤད་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་གསར་བརྗེར་རྒྱུན་འཛིན་བྱེད་མཁན་མི་རབས་ནས་མི་རབས་བར་ཡོད་པའི་འགན་ལེན་བྱེད་དགོས”ཞེས་གསུངས་ཡོད།

    དཔའ་བོ་གོང་དུ་བཀུར་ན་ད་གཟོད་དཔའ་བོ་ཐོན་སྲིད་པ་དང་། དཔའ་བོ་བརྩོན་ལེན་བྱས་ན་དཔའ་བོ་གྲངས་མེད་ཐོན་ཐུབ། དྭངས་གསལ་དུས་ཚིགས་སུ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་ཡོངས་སུ་དཔའ་བོར་དད་གུས་དང་དཔའ་བོར་སློབ་སྦྱོང་བྱེད་པའི་དར་སྲོལ་བཟང་པོ་བཏོད་པ། མི་རྣམས་ལ་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ལྕག་སྐུལ་བྱས་པ་རེད།

    གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ།

    ཟླ་4ཚེས་4ཉིན་ཅི་ལིན་ཁྲང་ཁྲུན་གྲོང་ཁྱེར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་ལི་ཨེན་ཅུས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་མང་ཚོགས་བཅུ་གྲངས་གཟབ་ནན་དང་གུས་བཀུར་ཆེན་པོས་སྔོན་གཤེགས་དཔའ་བོར་ལུག་མིག་མེ་ཏོག་སེར་པོ་དང་དཀར་པོ་འབུལ་བཞིན་འདུག འདི་ལོའི་དྭངས་གསལ་དུས་ཚིགས་རིང་ཁྲང་ཁྲུན་གྲོང་ཁྱེར་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱིས་སྤྱི་དམངས་ལ་རིན་མི་དགོས་པར་འགྲེལ་བཤད་བརྒྱབ་པ་མ་ཟད། རྗེས་དྲན་ཤོག་བྱང་འབྲི་བ་དང་དྲ་ཐོག་ནས་དུར་ཕྱགས་བྱས་ཏེ་རྗེས་དྲན་ཞུ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱང་སྒྲིག་འཛུགས་བྱས་ཡོད། “སྔོན་གཤེགས་དཔའ་བོས་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་དང་མི་དམངས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་སྐྱེ་བོ་ཀུན་གྱིས་དད་གུས་ཞུ་འོས་པ་ཞིག་ཡོད། ཏང་ཡོན་ཞིག་ཡིན་པའི་ངས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་མུ་མཐུད་འགག་སྒྲོལ་དཀའ་སེལ་བྱེད་ཀྱི་ཡིན”ཞེས་ལྟ་སྐོར་ལ་ཡོང་མཁན་གྲོང་མི་ཀྲང་ཡའོ་ཆན་གྱིས་བཤད།

    ཉེ་ཆར། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་སོགས་སྡེ་ཚན་10ཡིས《“བླ་སྲོག་གཏོད་པ། 2024ལོའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས། སྔོན་གཤེགས་དཔའ་བོའི་བྱས་རྗེས་ལ་རྗེས་དྲན་ཞུ་བ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་གཙོ་གནད་དུ་བྱེད་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    ཟླ་4ཚེས་4ཉིན་གྱི་སྔ་དྲོར། ཧའེ་ནན་ཧའེ་ཁོའུ་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མི་ཧྥུའུ་ཡུང་གིས་ཧའེ་ནན་ཞིང་ཆེན་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གི་གཙོ་ཆེའི་དྲ་ཚིགས“བླ་སྲོག་གཏོད་པ། 2024ལོའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི”ཆེད་སྒྲིག་གི་དྲ་ངོས་ཁ་ཕྱེ་ནས་སྔོན་གཤེགས་དཔའ་བོའི་བྱས་རྗེས་ལ་བལྟས་རྗེས་ཧྥུའུ་ཡུང་གིས“མེ་ཏོག་སི་ར་འབུལ”ཞེས་པའི་ཙིག་རྟགས་མནན་རྗེས་དཔའ་བོ་དང་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་དང་འབྲེལ། “ངས་སྔོན་གཤེགས་དཔའ་བོར་སྐད་ཆ་ཚིག་ཁ་ཤས་ཤོད”ཅེས་པའི་སྐར་ཁུང་དུ“ང་ཚོས་སྔོན་བྱོན་མེས་པོ་ཚོས་བློས་གཏོང་དང་ལེགས་སྐྱེས་ཕུལ་བ་ནམ་ཡང་བློ་ལ་བརྟན་པོར་བཅངས་ནས་མུ་མཐུད་འབད་འབུངས་མདུན་སྐྱོད་བྱེད་དགོས”ཞེས་དྲན་འཆར་བཀོད་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2020ལོ་ནས་བཟུང་། ལས་རིགས་ཁག་གི་མི་སྣས་ཧའེ་ནན་ཞིང་ཆེན་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གི་དྲ་རྒྱའི་དུར་ཕྱགས་ལས་སྟེགས་སུ་སྔོན་གཤེགས་དཔའ་བོར་མེ་ཏོག་འབུལ་ཐེངས་ཁྲི་260ཡན་ཟིན་ཡོད།

    ཟླ་4ཚེས་4ཉིན། ཧུའུ་པེ་ཏང་དབྱང་གྲོང་ཁྱེར་ཤང་ཤིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གསོམ་ཤིང་དང་ཤུག་པ་སྔོ་ཐིང་ཐིང་དུ་གནས་པ་དང་། དེ་གར་གཟི་ཉམས་ལྡན་པ་ཞིག་འདུག ཤང་ཤིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་དུར་ཕྱགས་བྱེད་སྒོར་ཞུགས་མཁན་འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི་དང་། སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། དགེ་སློབ་ཀྱི་འཐུས་མི་སོགས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཕྱོགས་ནས་རྒྱལ་གླུ་བླངས་ཏེ་མིག་གི་གུས་འདུད་ཞུས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཤང་ཤིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་བསྐྲུན་ཚུན་རིམ་རྩིས་བརྒྱབ་ན་ལྟ་སྐོར་བ་མི་ཐེངས་ཁྲི་60ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

    གསར་བརྗེའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ།

    ཆར་པ་སིམ་སིམ་འབབ་པའི་ཞོགས་པ་ཞིག་ལ། ཧྲན་ཏུང་ལེ་ལིང་གྲོང་ཁྱེར་གྱི་ཅི་ལུའུ་མཐའ་ཁུལ་གྱི་གསར་བརྗེའི་དྲན་གསོ་ཁང་དུ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ཞིག་སྤེལ་འགོ་ཚུགས་ཡོད། ལེ་ལིང་གྲོང་ཁྱེར་ཧྥུའུ་ཕིང་སློབ་ཆུང་གི་སློབ་མ་100ལྷག་ཙམ་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་བསྐྱོད་དེ་དུར་བྱང་གཙང་མར་ཕྱིས་ནས་འདི་གར་དབེན་པར་གཟིམ་པའི་སྔོན་གཤེགས་དཔའ་བོ་1003ལ་རང་ཉིད་ངོ་མས་བཟོས་པའི་མེ་ཏོག་དཀར་པོ་ཕུལ་ཡོད།

    ཟླ་4ཚེས་4ཉིན་ཀན་སུའུ་ཏིང་ཤིས་གྲོང་ཁྱེར་ཨན་ཏིང་ཆུས་ནེ་ཀོན་ཡིང་གྲོང་རྡལ་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གཟི་ཉམས་དོད་ཅིང་། ས་གནས་དེ་གའི་མང་ཚོགས་ལུང་ཡོན་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་ནས་འགྲེལ་བཤད་རྒྱག་མཁན་གྱི་དཔའ་བོའི་བྱས་རྗེས་ཀྱི་འགྲེལ་བཤད་རྒྱག་པ་ཉན་བཞིན་འདུག དྭངས་གསལ་དུས་ཚིགས་སུ་ཨན་ཏིང་ཆུས་ཀྱི་ཚན་པ་མང་པོ་ཞིག་གིས་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་དང་། སྔོན་གཤེགས་དཔའ་བོའི་བང་སོ་མཇལ་བ། མེ་ཏོག་སོས་པ་འབུལ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་གསར་བརྗེའི་སློབ་གསོ་སྤེལ་ཏེ་དཔའ་བོ་གོང་དུ་བཀུར་བ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་དར་སྲོལ་བཟང་པོ་ཞིག་བཏོད་ཡོད།

    “ལོ་གཉིས་དང་ཟླ་བ་བཞིའི་ཅིང་ཀང་ཧྲན་རི་བོའི་འཐབ་རྩོད་ནང་སྔོན་གཤེགས་དཔའ་བོ་ཁྲི་4.8ལྷག་ཙམ་གྱིས་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་ཕུལ་ཡོད” ཟླ་4ཚེས་4ཉིན་གྱི་སྔ་དྲོར། ཅང་ཤིས་ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསིལ་རླུང་དལ་བུར་ལྡང་བས་གསོམ་ཤིང་དང་ཤུག་པ་འགུལ་བའི་སྐད་སྒྲ་ཆུང་ངུ་ཞིག་སྒྲོག་གིན་འདུག

    དྭངས་གསལ་དུས་ཚིགས་རིང་ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་རབས་པ་10ལྷག་ཙམ་གདན་དྲངས་ནས་འགྲེལ་བཤད་པ་ཆུང་ཆུང་བྱེད་དུ་བཅུག་སྟེ་ཡུལ་སྐོར་བར་རིན་མེད་དུ་ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་ལོ་རྒྱུས་དང་གཏམ་རྒྱུད་འགྲེལ་བཤད་རྒྱག་བཞིན་ཡོད།

    ཐོག་མའི་བསམ་འདུན་མ་བརྗེད་པར་གསར་འབྱེད་ཡར་བརྩོན་ཧུར་ཐག་བྱེད་པ།

    ཟླ་4ཚེས་4ཉིན། ཧོ་ནན་ཞུས་ཁྲང་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་ཕྱགས་བྱེད་མཁན་ཚོས་ལག་ཏུ་ལུག་མིག་མེ་ཏོག་ཁྱེར་ཏེ་བང་རིང་པོ་བསྒྲིགས་ནས་འདུག ངོ་སྤྲོད་བྱས་པར་གཞིགས་ན། ཞུས་ཁྲང་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོ་470ལྷག་ཙམ་དུར་འཇུག་བྱས་ཡོད་པ་དང་། སྔོན་གཤེགས་དཔའ་བོ་ཁག་གཅིག་སྐུ་གཤེགས་སྐབས་རྒྱུ་རྐྱེན་གང་རུང་དབང་གིས་རུས་མིང་འགོད་ཐུབ་མེད། འདི་ལོ་ས་གནས་དེས་གྲོས་འདོན་ཡི་གེ་ཁྱབ་བསྒྲགས་བྱས་ནས་ཚན་པ་ཁག་གིས་སྐྱེད་ཚལ་ནང་དུར་འཇུག་བྱས་པའི་མིང་མེད་སྔོན་གཤེགས་དཔའ་བོར་དྭངས་གསལ་དུས་ཚིགས་སོགས་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ནང་རྒྱུན་གཏན་ཅན་གྱི་དུར་ཕྱགས་བྱས་ནས་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་ལྕག་སྐུལ་བྱས་ཡོད།

    ཟླ་4ཚེས་4ཉིན་གྱི་སྔ་དྲོར། པེ་ཅིང་ཧྥུང་ཐའེ་ཆུས་ཁྲང་ཤིན་ཏེན་གཉིས་བདུན་དྲན་གསོ་ཁང་དུ་ཀོན་ཀྲང་ལིའུ་ཏེ་ཧྭ་ཡིས། གཉིས་བདུན་བཟོ་པའི་ལས་འགུལ་གྱི་སྣུམ་ཚོན་རི་མོ་ཆེན་པོ་ཞིག་གི་མདུན་དུ་གྲོང་མི་དང་ཡུལ་སྐོར་བར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་བརྗོད་བཞིན་འདུག

    དྭངས་གསལ་དུས་ཚིགས་སུ་ཡུན་ནན་ཁྲུའུ་ཞུང་དབྱི་རིགས་རང་སྐྱོང་ཀྲོའུ་ཏ་ཡའོ་རྫོང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་70ལྷག་ཙམ་གྱི་འཐུས་མི་ཀྲའོ་ཙུའོ་ཁྲོན་གྱི་སྔོན་གཤེགས་དཔའ་བོའི་བཞུགས་གནས་རྙིང་པའི་འགྲམ་གྱི་ཐོག་མའི་བསམ་འདུན་སློབ་གྲྭར་བསྐྱོད་དེ། ལོ་རྒྱུས་ཀྱི་དངོས་མཚོན་གློག་བརྙན་མཉམ་དུ་བལྟས་པ་དང་། དེ་རྗེས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་འཐུས་མི་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སོས་པ་ཕུལ་བ་དང་། བང་སོའི་རྡོ་རིང་མདུན་དུ་ཞྭ་མོ་ཕུད་ནས་ངག་བསྡམས་ཏེ་མྱ་ངན་ཞུས་པ་རེད། ཏ་ཡའོ་རྫོང་སྤྱི་བདེ་ཅུས་ཐེ་སུའོ་མངགས་གཏོང་ཁང་གི་སུའོ་ཀྲང་ཝང་ཧྲོའུ་ཁང་གིས“སྔོན་གཤེགས་དཔའ་བོའི་སྙིང་སྟོབས་འོད་སྟོང་འཕྲོ་བ་ཞིག་ཡོད། ངས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་། དྲང་བདེན་སྲུང་གི་ཡིན”ཞེས་བཤད།

    དྭངས་གསལ་དུས་ཚིགས་རིང་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱ་ཐབས་སྣ་ཚོགས་ཐོག་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུས་ཏེ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་རྒྱལ་གཅེས་བརྩེ་སེམས་གསོ་སྐྱོང་བྱེད་བཞིན་ཡོད། འདི་ནི་གྲོང་མི་ཚོ་ཅང་སུའུ་ནན་ཅིང་གྲོང་ཁྱེར་ཡུས་ཧྭ་ཐའེ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཡོང་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བཞིན་པ།

    འདི་ནི་ཧྲན་ཏུང་ཙའོ་ཀྲོང་གྲོང་ཁྱེར་ཤུའེ་ཁྲེང་ཆུས་ལིན་ཧྲན་སློབ་ཆུང་གི་སློབ་མས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་མེ་ཏོག་སོས་པ་འབུལ་བཞིན་པ།

    འདི་ནི་དྲག་ཆས་ཉེན་རྟོག་ཁྲུང་ཆིང་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ཅིག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་ས་གནས་འདི་གའི་ཆིའུ་ཧྲའོ་ཡུན་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་དུར་ཕྱགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།