དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཨ་ཅེ་ལྷ་མོའི་ཉམས་བཟང་མངོན་། རིག་གནས་ཤུལ་བཞག་མཚར་སྡུག་བཀྲ་།

    —— རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་སའི་སྐྱོར་མོ་ལུང་ལྷ་མོའི་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་བཟང་བཀྲ་ཤིས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-06

    སྐྱོར་མོ་ལུང་ལྷ་མོ་རུ་ཁག་གི་རུ་མིས་ལྷ་མོ་འཁྲབ་སྟངས་སྦྱོང་བཞིན་པ།

    བློ་བཟང་བཀྲ་ཤིས་ཀྱིས་ན་གཞོན་རྒྱུན་འཛིན་པ་ཚོར་སྐྱོར་མོ་ལུང་ལྷ་མོའི་ལོ་རྒྱུས་ལ་འགྲེལ་བཤད་རྒྱག་བཞིན་པ།

    སྐྱོར་མོ་ལུང་ལྷ་མོའི་འབག་སྣ་ཚོགས།

    སྐྱོར་མོ་ལུང་ལྷ་མོ་རུ་ཁག་གིས་ལྷ་སའི་ཞོ་སྟོན་རིང་ལྷ་མོ་འཁྲབ་བཞིན་པ།

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་སའི་སྐྱོར་མོ་ལུང་ལྷ་མོའི་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་བཟང་བཀྲ་ཤིས།

    སྐྱོར་མོ་ལུང་ལྷ་མོ་རུ་ཁག་གི་ལོ་ན་ཆུང་ཤོས་ཀྱི་འཁྲབ་སྟོན་པ།

    བློ་བཟང་བཀྲ་ཤིས་ཀྱིས་ན་གཞོན་མི་རབས་ཚོར་ལྷ་མོ་འཁྲབ་སྟངས་སློབ་བཞིན་པ།

    ལོ་རྒྱུས་ཡུན་རིང་ལྡན་པའི་ལྷ་མོ་ནི་ལོ་ངོ་600ལྷག་ཙམ་གྱི་སྔོན་ནས་དར་ཞིང་། ཁྱབ་གདལ་གཏོང་བའི་བརྒྱུད་རིམ་ནང་ས་ཁོངས་མི་འདྲ་བའི་དབང་གིས་སྐྱོར་མོ་ལུང་ལྷ་མོ་དང་། གཅུང་པ་ལྷ་མོ། ཤངས་པ་ལྷ་མོ། རྒྱལ་མཁར་ལྷ་མོ་བཅས་ཁག་བཞི་གྲུབ་ཡོད། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་བཅུག་པ་དང་། སྐྱོར་མོ་ལུང་ལྷ་མོ་དེ་ཡང་རྒྱལ་ཁབ་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས”ནང་ཚུད་ཡོད། སྐྱོར་མོ་ལུང་ལྷ་མོ་ནི་སྟོད་ལུང་བདེ་ཆེན་ཆུས་སྐྱོར་མོ་ལུང་དགོན་གྱི་ཉེ་འགྲམ་དུ་དར་ཁྱབ་བྱུང་བས། མིང་ཡང་དེ་ལྟར་བཏགས་པ་ཞིག་ཡིན་པ་དང་། ལྷ་མོ་ཚོགས་པའི་སྒྱུ་རྩལ་འཕེལ་རྒྱས་འགྲོ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། ཤུགས་རྐྱེན་ཟབ་པ། དར་ཁྱབ་ཆེ་བ་བཅས་ཀྱི་གྲས་ཤིག་རེད།

    བློ་བཟང་བཀྲ་ཤིས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྒྱ་རི་གྲོང་ཚོ་ནས་ཡིན་ཞིང་། སྤོ་བོ་ལགས་ལྷ་མོ་བ་ཞིག་ཡིན་པས། ཁོང་ཆུང་དུས་ནས་ཁོར་ཡུག་དེའི་ཁྲོད་འཚར་ལོངས་བྱུང་སྟབས་གཞས་གཏོང་བ་དང་ཞབས་བྲོ་རྒྱག་པར་ཧ་ཅང་དགའ་པོ་ཡོད། ལོ་8ལ་སླེབས་སྐབས་བློ་བཟང་བཀྲ་ཤིས་ཀྱིས་གར་སྟེགས་སུ་ལྷ་མོ་ཐེངས་དང་པོ་འཁྲབ།

    ལོ་ཆེ་རུ་སོང་བས་མཐོང་རྒྱ་ཡང་ཆེ་རུ་སོང་བ་དང་བློ་བཟང་བཀྲ་ཤིས་ཀྱིས་སྐྱོར་མོ་ལུང་ལྷ་མོའི་འབྱུང་ཁུངས་དང་ཁྲིད་སྦྱོང་བྱ་ཡུལ་གཙོ་བོ་ལྷ་སར་ཡོད་པ་ཤེས་རྗེས། སྐབས་དེ་དུས་ལྷ་མོའི་འཁྲབ་གཞུང་ལྔ་འཁྲབ་ཐུབ་པའི་ཁོང་གིས་ཕ་ཡུལ་དང་ཟློས་གར་ཚོགས་པ་ནས་ཁ་བྲལ་ཏེ་གཅིག་པུར་ལྷ་སར་ཡོང་བ་མ་ཟད། 2003ལོར་ལྷ་སའི་གྲགས་ཅན་དམངས་ཁྲོད་ལྷ་མོ་ཚོགས་པ—ཉང་བྲན་དམངས་ཁྲོད་ལྷ་མོ་ཚོགས་པར་ཞུགས་ནས་གྲོངས་ཟིན་པའི་ཉང་བྲན་ལྷ་མོ་ཚོགས་པའི་དེ་སྔའི་ཐོན་ཀྲང་དགེ་སློང་ལགས་ཀྱི་ལས་རོགས་ཡག་པོ་ཞིག་ཏུ་གྱུར་ཏེ། ཆེད་ལས་ཆ་ཚང་བའི་སྐྱོར་མོ་ལུང་ལྷ་མོ་སྦྱོང་འགོ་ཚུགས།

    བློ་བཟང་བཀྲ་ཤིས་ཟློས་གར་འཛིན་གྲྭའི་ནང་ཞུགས་པའི་དུས་ཚོད་ཅུང་ཕྱི་པོ་ཡིན་མོད། འོན་ཀྱང་ཡོན་ཚད་ཕུལ་དུ་བྱུང་བའི་དབང་གིས་ཟློས་གར་འཛིན་གྲྭའི་ནང་གི་ལྷ་མོའི་དགེ་རྒན་དུ་གྱུར། བློ་བཟང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་མོའི་དགེ་རྒན་ནི་ཟློས་གར་གཞན་དང་མི་འདྲ་བར་སྤྱིར་བཏང་བྱས་ན་ལྷ་མོའི་འཛིན་གྲྭའི་ནང་འཁྲབ་རྩལ་ཡག་ཤོས་ཀྱི་སྐྱེས་པའི་འཁྲབ་སྟོན་པས་འཁྲབ་ཀྱི་ཡོད། ལྷ་མོའི་དགེ་རྒན་ནི་ལྷ་མོའི་འཁྲབ་ཁྲིད་པ་ཡིན་ལ་ལྷ་མོའི་གཙོ་འགན་འཁུར་མཁན་ཡང་ཡིན་པས། ལྷ་མོའི་འཁྲབ་སྟོན་ནང་ཞུགས་དགོས་ཀྱི་ཡོད། ཁོང་གིས་ལྷ་མོ་གཅིག་འཁྲབ་པའི་འཁྲབ་གཞུང་དང་། རྣམ་ཐར་གྱི་འགྱུར་ཁུག སྟངས་སྟབས། འཁྲབ་ཆས་བཅས་རྒྱུས་མངའ་ལོན་དགོས་པ་དང་། ལྷ་མོའི་དགེ་རྒན་གྱིས་ད་དུང་ལྷ་མོ་འགོ་ཚུགས་སྐབས་གར་སྟེགས་སུ་ལངས་ཏེ་ལྷ་མོ་ལྟ་མཁན་ལ་འགྲེལ་བཤད་རྒྱག་དགོས་ཀྱི་ཡོད། ལྷ་མོའི་དགེ་རྒན་གྱིས་འགྲེལ་བཤད་བརྒྱབ་རྗེས། འཁྲབ་སྟོན་པས་གཞི་ནས་ལྷ་མོ་འཁྲབ་འགོ་ཚུགས་ཀྱི་ཡོད། ལྷ་མོའི་འཛིན་གྲྭའི་ནང་གི་ལྷ་མོའི་འཁྲབ་རྩལ་ལེགས་ཉེས་དེ་ལྷ་མོའི་དགེ་རྒན་གྱིས་ཐག་གཅོད་ཀྱི་ཡོད།

    ལྷ་མོའི་དགེ་རྒན་ཞིག་ཡིན་པའི་བློ་བཟང་བཀྲ་ཤིས་ཀྱི་ལྷ་མོའི་ཞིང་ཁམས་ཀྱི་སྒོ་མོ་ཕྱེ་བ་མ་ཟད། ལྷ་མོའི་འཁྲབ་སྟོན་སྒྱུ་རྩལ་དང་དེའི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱུན་འཛིན་གྱི་ལོ་རྒྱུས་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱེད་འགོ་ཚུགས།

    2008ལོར་ཅུང་སྐད་གྲགས་ཆེ་བའི་བློ་བཟང་བཀྲ་ཤིས་ལྷ་ས་སྟོད་ལུང་སྐྱོར་མོ་ལུང་ལྷ་མོ་རུ་ཁག་གིས་གདན་ཞུ་བྱས་ནས་སྐྱོར་མོ་ལུང་ལྷ་མོ་རུ་ཁག་ཞོ་སྟོན་རིང་གི་ལྷ་མོ་འཁྲབ་སྟོན་ལ་ཞུགས་པའི་ནང་སྦྱོང་ལས་འགན་ཕྲག་ཏུ་འཁུར། དངོས་སུ་འཁྲབ་སྟོན་བྱས་པར་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། དེ་བཞིན་རྒྱ་ཆེའི་མང་ཚོགས་ཚོའི་ཁས་ལེན་མགྲིན་གཅིག་ཏུ་ཐོབ་ཡོད། དུས་དེ་ནས་བཟུང་བློ་བཟང་བཀྲ་ཤིས་སྐྱོར་མོ་ལུང་ལྷ་མོ་རུ་ཁག་ཏུ་གཞི་ཚུགས་ཏེ་ལྷ་མོ་རུ་ཁག་གི་སློབ་མ་30ལྷག་ཙམ་ལ་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱི་སྒྱུ་རྩལ་སྦ་གསང་མེད་པར་སློབ་ཁྲིད་བྱས། ལྷག་པར་དུ་2010ལོ་ནས་2013ལོའི་བར། ལོ་ལྟར་གྱི་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་ཁྲོད་བློ་བཟང་བཀྲ་ཤིས་ཀྱིས་དགེ་རྒན་བྱས་ཏེ་འཁྲབ་པའི《སྣང་ས་འོད་འབུམ》དང་། 《ཆོས་རྒྱལ་དྲི་མེད་ཀུན་ལྡན》 《གཅུང་པོ་དོན་ཡོད་དོན་གྲུབ》བཅས་འཁྲབ་ཚན་གསུམ་ལ་མཉམ་སྡེབ་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་མ་ཟད། ཁོང་རང་ཉིད་ལ་ལོ་གསུམ་བསྟུད་མར་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད་པ་རེད།

    ད་ཆ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དེ་བཞིན་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་དོན་འཁྱོལ་བྱེད་པ་དང་བསྟུན་ནས། སྐྱོར་མོ་ལུང་ལྷ་མོ་རུ་ཁག་གིས་སླར་ཡང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཏེ་ལྗོངས་ཡོངས་ཀྱི་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཚང་མ་འཁྲབ་སྟོན་བྱེད་ཐུབ་པའི་དམངས་ཁྲོད་ལྷ་མོ་རུ་ཁག་དང་པོར་གྱུར་ཡོད། 2014ལོར་བློ་བཟང་བཀྲ་ཤིས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས་པ་རེད། འགན་འཁྲི་ལྕི་ལ་ལས་འགན་དཀའ་ཚེགས་ཆེ་ནའང་ཁོང་གིས་ལྷ་མོ་རུ་ཁག་གི་གཞོན་སྐྱེས་འཁྲབ་སྟོན་པར་ལྷ་མོ་འཁྲབ་སྟངས་སློབ་པ་མ་ཟད། རང་འགན་གཙང་སྒྲུབ་ཀྱིས་ལྷ་མོ་རྒྱུན་འཛིན་ལ་དེ་བས་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།