དྭངས་གསལ་དུས་ཚིགས་རིང་། རང་ལྗོངས་ཀྱིས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ།
སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ཡར་བརྩོན་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
འདི་ནི་ཆབ་མདོ་དམག་ཁུལ་ཡན་ལག་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་ཚོས་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུ་བཞིན་པ།
འདི་ནི་མི་རྣམས་ཀྱིས་ཁུང་ཧྥན་སེན་གྱི་བང་སོའི་རྡོ་རིང་ལ་མཇལ་དར་འབུལ་བཞིན་པ།
འདི་ནི་སློབ་མ་ཚོས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སོས་པ་འབུལ་བཞིན་པ།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་གཏོང་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཡག་པོ་བྱས་ཡོད།
ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་དམག་ཞབས་ཐིམ་པའི་དམག་མིའི་འཐུས་མིས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེལ་ཚལ་དུ་བསྐྱོད་དེ། གོ་རིམ་ལྡན་པའི་ངང་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སོས་པ་ཕུལ་བ་དང་། གུས་འདུད་ཞུ་བ། དྲན་གསོའི་རྡོ་རིང་མཇལ་བ་བཅས་བྱས་པ་རེད།
གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་སྐབས། འདྲ་པར་རྙིང་པ་རེ་རེ་དང་། དངོས་རྫས་རྙིང་པ་རེ་རེ། ཡི་གེ་དུམ་བུ་རེ་རེ་བཅས་ཀྱིས་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོའི་གཏམ་རྒྱུད་གསལ་པོར་མངོན་གྱི་ཡོད། དེ་དག་ལས་དམག་ཞབས་ཐིམ་པའི་དམག་མིའི་འཐུས་མི་སུན་ཀོང་ཅུན་ལ་སྐབས་དེ་དུས་ཀྱི་ལོ་ཟླར་བསམ་བློ་མང་པོ་འཁོར། “དཔུང་སྡེར་སྡོད་པའི་ལོ་15ཡི་རིང‘ལམ་གཉིས’ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱིས་ང་ལ་སྐུལ་ལྕག་ཟབ་མོ་ཐེབས་བྱུང་། དེ་ནི་སྔོན་བྱོན་པ་ཚོས་ང་ཚོར་བཞག་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། སླད་ཕྱིན་གྱི་ལས་ཀའི་ནང་ངས་མུ་མཐུད་ནུས་ཤུགས་ལྷག་མ་བཏོན་ནས་བོད་ཀྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
ཚེས་4ཉིན་གྱི་སྔ་དྲོར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ལོ་65ལ་སླེབས་པའི་ཀ་ལ་གྲོང་ཚོའི་ཡུལ་མི་སྒྲོལ་མའི་ནང་མི་ཚང་མས་གཟབ་ནན་གུས་བཀུར་ངང་ལུག་མིག་མེ་ཏོག་དཀར་པོ་ལག་ཏུ་འཁྱེར་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། “བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་ང་ཚོ་དེ་སྔའི་ས་ཕག་གི་ཁང་པ་ཆུང་ཆུང་ནས་ད་ཆའི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་ས་གཉིས་ལྡན་གྱི་ཁང་པར་སྡོད་རྒྱུ་བྱུང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། དེ་དག་ཚང་མ་གསར་བརྗེའི་སྔོན་བྱོན་པ་ཚོས་འབད་འཐབ་གནང་བ་དང་ཁ་འབྲལ་ཐབས་མེད། ང་ཚོས་སྔོན་བྱོན་འདས་པོའི་ཕུགས་རེ་བློ་ལ་བརྟན་པོར་ངེས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས”ཞེས་སྒྲོལ་མས་བཤད།
ཚེས་4ཉིན། དགེ་རྒན་གྱི་སྣེ་ཁྲིད་འོག་མངའ་རིས་ས་ཁུལ་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭའི་ལོ་རིམ་ལྔ་པའི་སློབ་མ་ཡེ་ཤེས་ཚེ་མཚོ་དང་ཁོང་གི་སློབ་གྲོགས་རྣམས་སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཡོང་། “རྒན་ལགས་ཀྱིས་རྒྱུན་དུ་ང་ཚོར་བོད་རྙིང་པའི་ཕྲུ་གུར་སློབ་གྲྭར་འགྲོ་བའི་དབང་ཆ་མེད་ཅེས་གསུངས་མྱོང་ཡོད། ད་ཆ་ང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་དང་སློབ་གྲྭའི་ཁོར་ཡུག་མཛེས་པས་ང་ཚོས་ངེས་པར་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོ་མིག་དཔེར་འཛིན་ཏེ་ཁོང་ཚོའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་ཁོང་ཚོའི་ཕུལ་བྱུང་གཤིས་རྒྱུད་ལ་སློབ་སྦྱོང་བྱས་ནས། ཉིན་རེ་བཞིན་ཡར་རྒྱས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་བཤད།
ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ཏང་ཡོན་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས། གྲྭ་བཙུན། གཞོན་ནུ་ལོ་ཆུང་སློབ་མ་བཅས་ཀྱི་འཐུས་མི་500ལྷག་ཙམ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བར་བསྐྱོད་པ་རེད། “ད་ཐེངས་ཀྱི་བྱེད་སྒོ་ལས་ངས་ད་ཆའི་འཚོ་བར་སྔར་བས་གཅེས་སྤྲས་དང་འགན་འཁྲི་འཁུར་ཕོད་པའི་དོན་སྙིང་སྔར་བས་གསལ་པོ་ཤེས་བྱུང་། ངས་སྔོན་བྱོན་པ་ཚོས་བཏོད་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱས་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་དང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པོ་ཡོང་ཆེད་འབད་འཐབ་ཧུར་ཐག་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་གི་ཡིན”ཞེས་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཆོས་སྒྲོན་གྱིས་བཤད།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དུ་མཚོ་སྨད་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱིས་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་སྣེ་གདོང་ཆུས་ཁེ་གསུམ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བསྐྱོད་དེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་དུས་རབས་འཕེལ་རྒྱས་ཀྱི་འཕོ་འགྱུར་མྱོང་ཚོར་བྱས་པ་རེད། འཐུས་མི་ཚོས་སླད་ཕྱིན་རང་འཁྲིའི་ལས་གནས་ཐོག་གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
“མེ་ཟོན་རུ་མི་ཞིག་ཡིན་པའི་ངོས་ནས་ངས་གཟི་བརྗིད་ལྡན་པའི་ས་ཆ་དེར་སླེབས་སྐབས་སེམས་ནང་སྔོན་གཤེགས་དཔའ་བོར་དད་གུས་ཆེན་པོ་སྐྱེ་བ་མ་ཟད། ལས་འགན་སྒྲུབ་སེམས་ཀྱང་དེ་བས་ཆེན་པོ་སྐྱེ་གི་འདུག”ཅེས་ཆབ་མདོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཁ་རུབ་ཆུས་ནགས་ཚལ་མེ་ཟོན་རུ་འབྲིང་གི་རུ་མི་དོན་གྲུབ་ཕུན་ཚོགས་ཀྱིས་ཚོར་སྣང་ཟབ་མོས་དེ་ལྟར་བཤད། ཁོང་གིས“སྔོན་ཆད་སྔོན་བྱོན་པ་ཚོས་རང་བྱུང་ཁོར་ཡུག་ཞན་པ་དང་ཐོན་ཁུངས་ཀྱི་ཆ་རྐྱེན་ཞན་པར་མི་སྐྲག་པར་སྔར་བཞིན་ས་མཐོ་བརྟན་སྲུང་བྱས་ནས་བོད་ཀྱི་འཕེལ་རྒྱས་ཆེད་དོར་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། སྙིང་སྟོབས་དེ་ང་ཚོ་མེ་ཟོན་དཔུང་ཁག་གི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། མེ་སྐྱོན་གྱི་ཉེན་ཁ་དང་རོགས་སྐྱོབ་ཀྱི་དཀའ་ཚེགས་གང་ཡིན་རུང་ང་ཚོས་འགན་འཁྲི་དང་ལས་འགན་གསར་པ་འཁུར་ཏེ་དེ་བས་སེམས་རྩ་འཁོལ་པོ་དང་དེ་བས་སྲ་ཞིང་བརྟན་པའི་དད་སེམས་བརྟེན་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལས་ལ་ཞུགས་ཀྱི་ཡིན”ཞེས་བཤད།
ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ལྷ་རི་གྲོང་རྡལ་སློབ་ཆུང་གི་སློབ་མ་ཚེ་དབྱངས་ཆོས་སྐྱིད་ཀྱིས“བླ་སྲོག་གཏོད་པ། 2024ལོའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི”སྔོན་གཤེགས་དཔའ་བོའི་བང་སོར་དུར་ཕྱགས་ཀྱི་བྱེད་སྒོར་ཞུགས་རྗེས། “ཨ་ཅག་སྒྲོག་འགྲེལ་པས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་འོད་སྟོང་འཕྲོ་བའི་བྱས་རྗེས་སྐོར་བརྗོད་པ་ཉན་རྗེས་ང་ལ་སྐུལ་ལྕག་ཟབ་མོ་ཐེབས་བྱུང་། སླད་ཕྱིན་ངས་སློབ་སྦྱོང་དང་འཚོ་བའི་ནང་དཀའ་ངལ་ལ་མི་སྐྲག་པ་དང་། དཀའ་སྡུག་ལ་མི་འཛེམ་པ། གཟུགས་པོར་སྦྱོང་བརྡར། དཀའ་སྤྱད་རང་གཅུན་བཅས་བྱས་ནས་ཆེན་པོ་ཆགས་རྗེས་དེ་བས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བཤད་བྱུང་།
ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་ཁོང་ཚོའི་རྗེས་ཤུལ་འདེད་ནས་སེམས་ནང་ནམ་ཡང་མི་ནུབ་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྩ་ཆེའི་སྙིང་སྟོབས་མཛུབ་ཁྲིད་དུ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།