དུས་ཚིགས་དང་པོར་ཆབ་མདོ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིས་ཞིང་འབྲེལ་དངུལ་བུན་སྣ་ཚོགས་སྒོར་དུང་ཕྱུར་14.2བཏང་བ།
“ཞིང་བརྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག”གི་འཕེལ་རྒྱས་འཐབ་ཇུས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱ་ཆེད། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཞིང་འབྲེལ་དངུལ་རྩའི་སྒྲིག་གཞིར“ཞིང་གསུམ”དངུལ་རྩའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་ཧུར་ཐག་བཏང་ནས། ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་བྱས་ཏེ་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས། དཔྱིད་རྨོད་རྨོ་གྲབས་སོགས་ཁྱབ་ཁོངས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དངུལ་རྩས་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་དང་ཞིང་འབྲོག་ལས་ཀྱིས་དངུལ་རྩ་འཕེལ་རྒྱས་ལ་སྐྱོང་ལན་འཇལ་བའི་འཁོར་རྒྱུག་བཟང་པོ་ཞིག་མངོན་འགྱུར་བྱུང་བ་རེད། འདི་ལོའི་དུས་ཚིགས་དང་པོར། ཆབ་མདོ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིས་རིམ་རྩིས་བྱས་ན་ཞིང་འབྲེལ་དངུལ་བུན་སྣ་ཚོགས་སྒོར་དུང་ཕྱུར་14.2བཏང་བ་དེ་དུས་མཚུངས་ལས་6%འཕར་ཡོད་པ་རེད།