དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ང་ཚོ་ཐུན་མོང་གི་བསམ་འདུན་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཀོའོ།   |     སྤེལ་དུས།  2024-04-05

    2023ལོའི་ཟླ་11ཚེས་15ཉིན་གྱི་དགོང་མོར། ཀྲུའུ་ཞི་ཞི་ཅིན་ཕིང་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པས་མཉམ་འབྲེལ་ཐོག་གཉེར་བའི་ཕེབས་བསུའི་སྟོན་མོར་ཞུགས་པ་དང་། ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣ་ལུའུ་ཁཱ·པེ་ལུང་ལ་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་མཇལ་རྒྱུ་བྱུང་བ་རེད། “ཡུལ་དངོས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། གསུང་བཤད་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོགས་པོར་ལྷག་བསམ་རྣམ་དག་གནང་བ་ཚོར་བྱུང་ལ། དེ་བས་ཁོང་ནི་བློས་འགེལ་ཆོག་པའི་འགོ་ཁྲིད་པ་ཞིག་ཡིན་པའང་ཤེས་བྱུང”ཞེས་ཉེ་ཆར་ལུའུ་ཁཱ·པེ་ལུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    ལུའུ་ཁཱ·པེ་ལུང་གིས། ཨ་རི་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་དེ་འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་བར་གལ་འགངས་ཤིན་ཏུ་ཆེན་པོ་ཡོད་པས་ཕྱོགས་གཉིས་པོར་ཕན་ཚུན་སྤེལ་རེས་དང་བསམ་ཤེས་ཟབ་ཏུ་གཏོང་བའི་གོ་སྐབས་དེ་བས་མང་བ་ཡོད་དགོས། “མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ང་ཚོ་ཐུན་མོང་གི་བསམ་འདུན་ཡིན”ཞེས་བརྗོད།

    1985ལོར། སྐབས་དེ་དུས་ཧོ་པེ་ཞིང་ཆེན་ཀྲེང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་རུ་ཞིང་ལས་ལ་རྟོག་ཞིབ་གནང་བར་ཕེབས་ནས་ཡུལ་དེ་གའི་མི་དམངས་དང་ལས་འཕྲོ་ཟབ་མོ་བྱུང་། “སྐབས་དེ་དུས་ཀྱི་བརྗེད་པར་དཀའ་བའི་འགྲོ་འོང་གི་དཔང་པོ་བྱས་པར་ང་ཧ་ཅང་དགའ་པོ་བྱུང” ལུའུ་ཁཱ·པེ་ལུང་སྐབས་དེ་དུས་སྣེ་ལེན་ཞུ་བའི་ལས་དོན་ལ་ཞུགས་པ་དང་། ད་ལྟའང་སྐབས་དེ་དུས་ཀྱི་འཚམས་འདྲིའི་གནས་ཚུལ་བཀོད་པའི་ཚགས་པར་དང་འདྲ་པར་སོགས་རྩ་ཆེའི་དཔྱད་ཡིག་ཉར་ཚགས་བྱས་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཐུགས་ལ་འཇོག་པ་ལུའུ་ཁཱ·པེ་ལུང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། “ཁོང་གི་དགོངས་བཞེས་གནང་བ་ཚང་མ་མི་དམངས་ཀྱི་དགོས་མཁོར་གཞིགས་གནང་བ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པའི་ཐུགས་རེ་གནང་གི་འདུག”ཅེས་ལུའུ་ཁཱ·པེ་ལུང་གིས་བརྗོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་དམངས་ཁྲོད་མཛའ་གྲོགས་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་སྐུ་ངོ་མས་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་ཐག་ཉེ་རུ་བཏང་གནང་ཡོད། 2023ལོའི་ཟླ་6ཚེས་16ཉིན། པེ་ཅིང་དུ་ཨ་རིའི་པིར་ཅི་མེ་ལིན་ཏ·ཀའེ་ཚི་ཐེབས་རྩ་ཚོགས་པའི་མཉམ་འབྲེལ་ཀྲུའུ་ཞི་པིར·ཀའེ་ཚིར་མཇལ་འཕྲད་གནང་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་ཨའི་འབྲེལ་བའི་རྨང་གཞི་དམངས་ཁྲོད་དུ་ཡོད་པས་ང་ཚོས་ཐོག་མཐའ་བར་གསུམ་དུ་ཨ་རིའི་མི་དམངས་ལ་རེ་བ་བཅོལ་གྱི་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་རྒྱུན་འཁྱོངས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།

    2023ལོའི་ཟླ་6ཚེས་28ཉིན། ལུའུ་ཁཱ·པེ་ལུང་གིས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ“ཀུའུ་ལིང་གི་ལས་འཕྲོ”ཀྲུང་ཨའི་དམངས་ཁྲོད་མཛའ་གྲོགས་གླེང་སྟེགས་ལ་ཞུགས་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཉན་པ་རེད། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་ཨའི་མི་དམངས་དབར་གྱི་མཛའ་གྲོགས་དེ་ཀུའུ་ལིང་དུ་ཡོད་པའི་ལོ་ངོ་སྟོང་གི་གསོམ་ཤིང་དང་འདྲ་བར་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས་ཞེས་གསུངས་པ་ལས་ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་སྐུལ་ལྕག་གནང་ཡོད། དེ་ལས་ངས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་མཛའ་གྲོགས་འགྲོ་འོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་གྱི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་གཏོང་བར་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང”ཞེས་བརྗོད།

    2023ལོ་ནི་ཧོ་པེ་ཞིང་ཆེན་ཀྲེང་ཏིང་རྫོང་དང་ཨའེ་ཨའོ་ཝ་ཀྲོའུ་ཡི་མ་སི་ཁཱ་ཐིང་གྲོང་ཁྱེར་དབར་འབྲེལ་བ་བཟང་པོ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད་ལ། ཧོ་པེ་ཞིང་ཆེན་དང་ཨའེ་ཨའོ་ཝ་ཀྲོའུ་གཉིས་མཛའ་གྲོགས་ཞིང་ཆེན་དང་ཀྲོའུ་ཆགས་ནས་ལོ་40འཁོར་བའི་ལོ་ཞིག་ཀྱང་རེད། 2023ལོའི་ཟླ་7པར། ལུའུ་ཁཱ·པེ་ལུང་གིས་ཨའེ་ཨའོ་ཝ་ཀྲོའུ་ཡི་གྲོགས་པོ་རྙིང་པའི་འཐུས་མི་ཚོགས་པ་དང་མཉམ་དུ་ཧོ་པེའི་ས་གནས་མང་པོར་འཚམས་འདྲིར་བསྐྱོད་པ་རེད། འཚམས་འདྲི་མཇུག་འགྲིལ་ནས་ཨ་རིར་ལོག་རྗེས་ཁོང་གིས་གསར་འགོད་པར་འཕྲིན་ཐུང་བཏང་ནས“ཞུང་ཨན་ཁུལ་གསར་དུ་ལྟ་སྐོར་བྱེད་སྐབས་ང་རྦད་དེ་ཧང་སངས་བྱུང་། དུས་ཐུང་འདི་འདྲ་ཞིག་གི་ནང་ཞུང་ཨན་ཁུལ་གསར་དེ་སྤུས་ཚད་མཐོ་བའི་ད་ཆའི་རྣམ་པ་འདི་ལྟ་བུར་བསྐྲུན་ཡོད། དེ་ནི་མི་རྣམས་ཡིད་ཆེས་དཀའ་བའི་གྲུབ་འབྲས་ཤིག་སྟེ། ཚན་རིག་དང་མཐུན་པའི་འཆར་འགོད་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྡོད་མལ་གྲོང་ཁྱེར་ཞིག་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།