དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཆུའི་ཐོན་ཁུངས་སྲུང་སྐྱོང་ཐད་ཀྲུང་གོའི་ཁེ་ལས་དང་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-05

    ཐུ་ནི་སིའི་རྒྱལ་ས་ཐུ་ནི་སི་གྲོང་ནས་ཐོན་ཏེ་ལྷོ་ཕྱོགས་སུ་སྤྱི་ལེ་140ཙམ་སྐྱོད་ཚེ་སུའུ་སའེ་གྲོང་ཁྱེར་དུ་སླེབས་པ་དང་། སུའུ་སའེ་གྲོང་ཁྱེར་དཀྱིལ་དུ་ཚོང་རྒྱག་མཁན་མང་བ་དང་ཕར་འགྲོ་ཚུར་འོང་གི་རླངས་འཁོར་རྒྱུན་ཆད་རྒྱུ་མེད་ལ། ད་དུང་ཧ་ལུའུ་ཕུའུ་གཙང་པོའི་ཆུ་བོ་དྭངས་ཤིང་གཙང་ལ་ལྷུང་ལྷུང་དུ་རྒྱུག་བཞིན་ཡོད།

    “ལོ་ཤས་གོང་དེ་གའི་རྣམ་པ་གཞན་ཞིག་ཡིན། ཁྲོམ་གཞུང་དེར་ཚོང་རྒྱག་ཁག་པོ་ཡོད”ལོ་43ལ་སླེབས་པའི་མའེ་པུའུ་ལི་ཡིས་ཧ་ལུའུ་ཕུའུ་གཙང་པོའི་འགྲམ་དུ་རླངས་འཁོར་ཉམས་བཟོ་ཁང་ཞིག་བཙུགས་ཡོད། དེ་སྔ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ནུས་མི་འདང་བའི་དབང་གིས་སུའུ་སའེ་གྲོང་ཁྱེར་གྱི་གྲོང་མིའི་འཚོ་བའི་བཙོག་ཆུ་དང་བཟོ་ལས་ཐོན་སྐྱེད་ཀྱི་བཙོག་ཆུ་ཁག་གཅིག་གཙང་པོའི་ནང་ཐད་ཀར་འབུད་ཀྱི་ཡོད་པས་ས་གནས་དེ་གའི་གྲོང་མིའི་འཚོ་བར་དཀའ་ངལ་བཟོས་པ་མ་ཟད། ས་གནས་དེ་གའི་ཆུ་ཁུངས་དང་ས་རྒྱུ་སོགས་ལའང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། ཉེ་འཁོར་གྱི་ཁོར་ཡུག་སྦགས་བཙོག་ལས་མེ་པུའུ་ལིའི་ཚོང་ཞན་དུ་སོང་ནས་ཚོང་ཁང་ཆུང་ཆུང་དེ་སྐབས་ཤིག་རིང་སྒོ་རྒྱག་དགོས་བྱུང་།

    ཀྲུང་གོ་གློག་སྐྲུན་ཚོགས་པ་རྒྱལ་སྤྱི་ལས་གྲྭ་ཚད་ཡོད་ཀུང་སིས་ལོ་ཤས་གོང་སུའུ་སའེ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་གཉིས་ཀྱི་རྣམ་གྲངས་སྐྲུན་འགན་ཁུར་བ་དང་། བསྐྲུན་པའི་ཧ་མུའུ་ཏུན་བཙོག་ཆུ་གཙང་གསིང་ས་ཚིགས་དང་རྒྱས་སྐྲུན་བྱས་པའི་སུའུ་སའེ་ལྷོ་མའི་བཙོག་ཆུ་གཙང་གསིང་ས་ཚིགས་གཉིས་2019ལོ་དང་2022ལོ་སོ་སོར་སྤྱོད་འགོ་ཚུགས་པ་རེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཀུང་སིའི་ཐུ་ནི་སིའི་འཐུས་མི་ཤུའེ་མིང་ཤིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བཙོག་ཆུ་གཙང་གསིང་ས་ཚིགས་ཀྱིས་ལོ་ལྟར་བཙོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1900གཙང་གསིང་བྱས་ཏེ་ཉེ་འཁོར་ས་ཁུལ་ལ་ཞིང་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1800མཁོ་འདོན་བྱས་པ་དེས་ས་གནས་དེ་གའི་མི་འབོར་ཁྲི་70ཙམ་ལ་ཁྱབ་ནས་སུའུ་སའེ་གྲོང་ཁྱེར་གྱི་ཆུའི་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད་ལ་དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་གྲོང་མིའི་དཀའ་གནད་སེལ་ཐུབ་པ་མ་ཟད། སུའུ་སའེ་གྲོང་ཁྱེར་དང་ཐ་ན་ཐུ་ནི་སིའི་བཙོག་ཆུ་གཙང་གསིང་བྱེད་ནུས་ཆེ་རུ་ཡང་ཕྱིན་ནས་ཐུ་ནི་སིས་ཆུའི་ཐོན་ཁུངས་རྒྱུན་འཁོར་བརྒྱབ་ནས་སྤྱོད་པ་དང་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རོགས་རམ་ཐུབ་ཡོད་པ་རེད།

    “ཧ་མུའུ་ཏུན་བཙོག་ཆུ་གཙང་གསིང་ས་ཚིགས་སྤྱོད་འགོ་ཚུགས་པ་ནས་བཟུང་། གཙང་ཆུ་དྭངས་ཤིང་གཙང་བའི་ཁར་མཁའ་རླུང་ཡང་ཡག་ཏུ་ཕྱིན་ནས་ཁྲོམ་གཞུང་དུ་ཡོང་མཁན་འགྲུལ་པ་ཇེ་མང་དུ་སོང་བ་མ་ཟད། ངའི་ཚོང་ཡང་ལེགས་སུ་ཕྱིན་སོང”ཞེས་ཤོད་པའི་མཚམས་འདིར་མེ་པུའུ་ལིའི་ངོ་གདོང་ལས་འཛུམ་མདངས་འཕྱུར།

    བཙོག་ཆུ་གཙང་གསིང་བྱེད་པའི་བརྒྱུད་རིམ་ཁྲོད་ད་དུང་གློག་གཏོང་ཐུབ་པའི་རྫབ་རླངས་འབོར་ཆེན་ཞིག་ཐོན་གྱི་ཡོད། ཧ་མུའུ་ཏུན་བཙོག་ཆུ་གཙང་གསིང་ས་ཚིགས་ཀྱི་རྣམ་གྲངས་ཅིང་ལི་ཅི་ཅེས་ཇུས་འགོད་ཀྱི་ཚད་གཞི་ལྟར་རྫབ་རླངས་ཀྱི་ཚ་གློག་མ་ལག་སྤྱོད་འགོ་ཚུགས་རྗེས་ཉིན་རེར་གློག་ཆན་ཝ་ཆུ་ཚོད་ཁྲི་1.9བཏང་ཐུབ་ནས་ཧ་མུའུ་ཏུན་བཙོག་ཆུ་གཙང་གསིང་ས་ཚིགས་ཀྱི་ནུས་རྒྱུ་ཟད་གྲོན་བྱེད་ཚད་ཆེས་ཆེར་ཆག་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    ཐུ་ནི་སིའི་རྒྱལ་ཁབ་འཕྲོད་བསྟེན་གཞུང་དོན་ཁང་གི་འགན་འཁུར་བ་པེ་ཐའེ་པིས། ཀྲུང་གོའི་ཁེ་ལས་ཀྱིས་ཐུ་ནི་སིར་སྐྲུན་འགན་ཁུར་བའི་རྣམ་གྲངས་རབ་དང་རིམ་པས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་གཏིང་ཟབ་བྱེད་ཐུབ་ཡོད། ཆུའི་ཐོན་ཁུངས་རྒྱུན་འཁོར་བརྒྱབ་ནས་བེད་སྤྱོད་ཐུབ་པ་དེས་ཐུ་ནི་སིའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཞིང་ལས་དང་བཟོ་ལས་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཡང་ཐེབས་ཡོད། “ཆུའི་ཐོན་ཁུངས་སྲུང་སྐྱོང་ཐད་ཀྲུང་གོའི་ཁེ་ལས་དང་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།