དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ལྗང་མདོག་གློག”གིས་དཔྱིད་རྨོད་དཔྱིད་གྲབས་ ལས་དོན་འགན་ལེན་བྱས་པ།

    ནུས་རྒྱུ་གཙང་མར་བརྟེན་ནས་མཚོ་སྔོན་གྱི་ཅ་ལུད་ཐོན་སྐྱེད་འགན་སྲུང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-05

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། དཔྱིད་རླུང་དལ་གྱིས་ལྡང་ཞིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རུ་གནས་པའི་ཁྲར་ཧན་ཚྭ་མཚོའི་ཚྭ་ཞིང་དུ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཆུ་རིས་ཤིག་ཤིག་ཏུ་གཡོ་བ་དང་ལྷན་དུ་གནམ་སྔོན་སྤྲིན་དཀར་གྱི་གཟུགས་བརྙན་ཆུའི་ནང་དུ་འཆར་བས་ཡུལ་ལྗོངས་ལྟ་བས་མི་ངོམ་པ་ཞིག་སྣང་། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཚྭ་འདོན་གྲུ་གཟིངས་རེ་རེ་ཚྭ་ཞིང་དུ་དལ་གྱིས་བསྐྱོད་དེ་ཐོག་མའི་གཏེར་རྫས་ཀོང་ལུའུ་ཧྲི་ཟམ་མི་ཆད་པར་སྔོག་བསྡུ་བྱས་ཏེ་ཅ་ལུད་ཐོན་སྐྱེད་འཁོར་ཁང་དུ་དབོར་གྱི་ཡོད།

    སྤྱི་ལེ་200ལྷག་ཙམ་གྱི་སར་གནས་པའི་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་འོད་ཤུགས་ཚ་ནུས་རྟེན་གཞིར་འོད་ཤུགས་ཤེལ་ལེབ་སྟར་པ་རེ་རེ་བཞིན་གྲལ་འགྲིག་པོས་ཉི་མར་ཕྱོགས་ནས་བསྒྲིགས་ཡོད། ནུས་རྒྱུ་གསར་པའི་རྟེན་གཞི་ནས་བཏང་བའི“ལྗང་མདོག་གློག”གློག་སྐུད་རེ་རེ་བརྒྱུད་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་ཚུད་པའི་ཚྭ་མཚོ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་རྒྱུན་མི་ཆད་པར་གཏོང་བཞིན་ཡོད།

    ཅ་ལུད་ལ་བཟའ་བཅའི་ཁྲོད་ཀྱི་བཟའ་བཅའ་ཞེས་ཟེར་བ་དང་། ཞིང་ལས་ལོ་ཏོག་སྐྱེ་འཚར་ལ་མཁོ་བའི་འཚོ་བཅུད་གཙོ་བོ་ཞིག་རེད། དེ་ནི་མཚོ་སྔོན་གྱི་ཚྭ་འདམ་གཤོང་སའི་ལྷོ་ཕྱོགས་སུ་གནས་པའི་ཁྲར་ཧན་ཚྭ་མཚོ་ནི་འཛམ་གླིང་གི་ཚྭ་མཚོ་ཆེན་པོ་ཨང་གཉིས་པ་དེ་རེད། དེའི་ཚྭ་རིགས་མི་འདྲ་བ་གསོག་ཚད་ཏུན་དུང་ཕྱུར་600ཟིན་ཞིང་། རང་རྒྱལ་གྱི་ཅ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་པ་དེས་རྒྱལ་ཡོངས་ཀྱི་ཅ་ལུད་ཀྱི་དགོས་མཁོ་ཕྱེད་ཀ་ཡན་སྐོང་ཐུབ་ཀྱི་ཡོད། ལོ་ལྟར་དཔྱིད་ཀ་སླེབས་རིམ་བཞིན་དེ་གར་དཔྱིད་རྨོད་ཀྱི་ཅ་ལུད་ཐོན་སྐྱེད་འགན་ལེན་དང་གློག་ཤུགས་མཁོ་སྤྲོད་ཀྱི་མཐོ་རླབས་ཤིག་འཕྱུར་གྱི་ཡོད།

    དཔྱིད་རྨོད་ཀྱི་འགག་རྩའི་དུས་སུ། མཚོ་སྔོན་ཚྭ་མཚོ་རྒྱུ་རྫས་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནང་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་ཤིང་། གྲངས་འཛིན་ཅན་གྱི་ཐོན་སྐྱེད་འཁོར་ཁང་གི་འཕྲུལ་འཁོར་གྱིས་འུར་སྒྲ་དང་བཅས་ཐོན་སྐྱེད་བྱེད་ཅིང་། གདམ་གསེས་དང་། ཁུ་བསྡུ། དབྱེ་འབྱེད་སོགས་ཀྱི་ལས་རིམ་བརྒྱུད་གངས་ལྟར་དཀར་བའི་ཅ་ལུད་རིམ་བཞིན་ཐོན་འོང་བ་དང་། དེ་ནས་ཐུམ་སྒྲིལ་འཁོར་ཁང་དུ་དབོར་ཏེ་འགྱིག་ཐུམ་བརྒྱབ་ནས་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཁུལ་མང་ཆེ་བར་གཏོང་གི་ཡོད། ཟླ་གསུམ་པའི་ཟླ་འགོ་ནས་ད་བར། ཀུང་སིའི་ཐོན་སྐྱེད་འཁོར་ཁང་གིས་ཉིན་ལྟར་ཐེག་ནུས་ལས་བརྒལ་ནས་ཐོན་སྐྱེད་བྱེད་པ་དང་ཉིན་རེའི་ཐེག་ནུས་ཆེ་ཤོས་ལ་ཆན་ཝ་ཁྲི་6ལྷག་ཟིན་ཡོད།

    “སྔོན་དཔག་བྱས་ན་འདི་ལོར་ང་ཚོས་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི་59ཟིན་པ་བྱ་རྒྱུ་ཡིན། གློག་ཤུགས་ཀུང་སིའི་ལས་དོན་པའི་གྲོས་འགོར་བརྟེན་ནས་ང་ཚོས་ནུས་རྒྱུ་ཟད་གྲོན་གྱི་སྒྲིག་ཆས་གཙོ་བོར་ཞིབ་བཤེར་བྱས་ཏེ་དེའི་བྱེད་ནུས་ཆེ་རུ་བཏང་བས་གློག་གི་མ་གནས་གྲོན་ཆུང་ཐུབ་ཡོད”ཅེས་ཀུང་སིའི་ཚ་ནུས་གློག་གཏོང་ཁང་ཐོན་སྐྱེད་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡན་ཅུན་གྱིས་བཤད་པ་དང་། ཁོང་གིས་གློག་ཤུགས་ཀྱི་འདེགས་སྐྱོར་ཆེན་པོ་འགན་ལེན་བྱ་རྒྱུ་ནི་ཁེ་ལས་ཀྱི་ཅ་ལུད་ཐོན་སྐྱེད་འགན་སྲུང་གི་འགག་རྩ་ཞིག་རེད་ཅེས་བཤད།

    ཉེ་བའི་ཉིན་གཉིས་རིང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་མཚོ་ནུབ་གློག་གཏོང་ཀུང་སིའི་ལས་མི་མཱ་མིང་ཅུན་གྱིས་གོར་མོའི་གཙང་དཀར་ཅ་ལུད་ཚད་ཡོད་ཀུང་སིའི་ལས་མི་ཁྲེང་ཞའོ་ཆིང་དང་སྦྲེལ་མཐུད་ཀྱིས་ཁེ་ལས་ལ་ཐེག་ནུས་ལས་བརྒལ་བའི་འཁོར་སྐྱོད་དབང་གིས་སྐུད་ལམ་ཚ་པོ་ཆགས་པ་དང་གློག་ཟད་གྲོན་ཆེ་རུ་སོང་བའི་གནད་དོན་སེལ་རོགས་བྱས་པས། ཁེ་ལས་ཀྱི་འཁོར་སྐྱོད་མ་གནས་ཆུང་དུ་ངེས་ཅན་གཏོང་ཐུབ་ནས་ཚྭ་མཚོའི་ཐོན་ཁུངས་སྤྱོད་ཚད་ཆེ་རུ་ཕྱིན་ཡོད།

    “མིག་སྔར་ཀུང་སིའི་ཅ་ལུད་ཐོན་སྐྱེད་ལ་མཁོ་བའི་ཚྭ་ཆུ་དེ་གཙོ་བོ་མཁྲེགས་གཟུགས་ཅ་རྒྱུ་གཏེར་ཁ་ཞུ་རྗེས་བྱུང་ཞིང་། ཐོན་སྐྱེད་སྒྲིག་ཆས་གཉིས་ཆུ་ཚོད་24རིང་ཟམ་མི་ཆད་པར་འཁོར་སྐྱོད་བྱེད་ཀྱི་ཡོད”ཅེས་ཁྲེང་ཞའོ་ཆིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་གལ་སྲིད་བརྒྱུད་རིམ་ནང་གློག་ཆད་ཚེ་ཅ་ལུད་དྭངས་གསིང་གི་སྟོན་གྲངས་ལ་སྐྱོན་ཆེན་པོ་བྱེད་པ་དེས་ཅ་ལུད་ཀྱི་སྤུས་ཚད་ཡག་ཉེས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་བཤད།

    གློག་བརྟན་པོ་ཡོང་བ་བྱ་རྒྱུ་དེ་ཅ་ལུད་ཀྱི་རིན་ཐང་དང་ཐོན་སྐྱེད་རིན་ཐང་དང་འབྲེལ་བ་ཡོད། ཅ་ལུད་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་འགན་སྲུང་བྱ་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་མཚོ་ནུབ་གློག་གཏོང་ཀུང་སིའི་གློག་འགན་སྲུང་ཞབས་ཞུ་རུ་ཁག་དྲུག་པས་ཅ་ལུད་ཐོན་སྐྱེད་བྱེད་མཁན་ཁེ་ལས་40ལྷག་ཙམ་ལ་བསྐྱོད་དེ་ཞིང་ལས་རྒྱུ་ཆ་ཐོན་སྐྱེད་ལ་མཁོ་བའི་གློག་མཁོ་འདོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    བློས་འགེལ་ཆོག་པའི“ལྗང་མདོག་གློག”བརྟན་པོར་བརྟེན་ནས་མཚོ་སྔོན་ཚྭ་མཚོ་ཅ་ལུད་ཐོན་སྐྱེད་ཀྱི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། ཁྲར་ཧན་མེ་འཁོར་བབས་ཚུགས་སུ་ཅ་ལུད་བྱུར་བུར་བླུགས་པའི་ཆེད་གཏོང་མེ་འཁོར་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་ཐོན་དང་ཐོན་མུས་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོ་ཚུན་དུ་འདི་ནས་ཧོ་ནན་དང་ཧོ་པེ་སོགས་འབྲུ་རིགས་དང་སྲིང་བལ་ཐོན་སྐྱེད་བྱ་ཡུལ་གཙོ་བོར་ཅ་ལུད་ཏུན་ཁྲི་60བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།