དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་13རིང་ལམ་ཐིག་གཅིག་གི་ཐོག་སྐྱེལ་འདྲེན་ལས་ལ་གཞོལ་བ།

    རྒྱལ་ཡོངས་ཀྱི“སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཡག་ཤོས”བཀྲ་ཤིས་ནོར་བུའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-05

    ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་2023ལོའི“སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཡག་ཤོས”ཀྱི་མིང་ཐོ་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སི་བཅིངས་འགྲོལ་ཡན་ལག་ཀུང་སིའི་བཀྲ་ཤིས་ནོར་བུ་བདམས་ཐོན་བྱུང་ཡོད།

    ཇ་བསྲུབས་མ་ཕོར་པ་གང་བཏུངས་རྗེས་ཉིན་གཅིག་གི་ལས་འགོ་ཚུགས་པ།

    ཐོ་རེངས་ཀྱི་ཆུ་ཚོད་6པ་ཡོལ་ཙམ་ལ་ནམ་ལངས་མེད་ཀྱང་བཀྲ་ཤིས་ནོར་བུ་མལ་ལས་ལངས་ནས་ཞོགས་པའི་ཆུ་ཚོད་7པར་རྔ་ཆེན་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་ས་ཚིགས་སུ་ཡོང་ནས་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་18པ་དུས་ཐོག་ཏུ་གཏོང་དགོས་ཀྱི་ཡོད།

    བཀྲ་ཤིས་ནོར་བུ་གདོང་དང་སོ་འཁྲུ་སྐབས་བཟའ་ཟླས་ཁོང་ལ་ཇ་བསྲུབས་མ་དང་རྩམ་པ་གྲ་སྒྲིག་བྱས་ཟིན་ཞིང་། བཀྲ་ཤིས་ནོར་བུས“ངས་ཉིན་ལྟར་ཞོགས་པ་གོམས་གཤིས་ལྟར་ཇ་བསྲུབས་མ་ཕོར་པ་གང་བཏུངས་པ་དང་སྤགས་དཀར་ཡོལ་གང་བཟས་རྗེས་གཞི་ནས་ལས་ཀར་འགྲོ་གི་ཡོད”ཅེས་བརྗོད་པ་དང་། ཁོང་གིས་བཟའ་ཟླའི་གཟུགས་པོ་དེ་ཙམ་ཐང་པོ་མེད་པས་མིག་སྔར་ཁྱིམ་དུ་ངལ་གསོ་བརྒྱབ་ནས་སྡོད་པ་ལས་ལས་ཀར་འགྲོ་གི་མེད་ཅེས་བརྗོད།

    བཀྲ་ཤིས་ནོར་བུ་དང་བཟའ་ཟླར་བུ་མོ་གཅིག་ལས་མེད་པ་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་བུ་བཅོལ་ཁང་ཞིག་ཏུ་དགེ་རྒན་བྱེད་ཀྱི་ཡོད། “བུ་མོ་ལས་ཀར་ཕྱིན་ནས་ཁྱིམ་དུ་ང་དང་བཟའ་ཟླ་གཉིས་ལས་མེད”ཅེས་བཀྲ་ཤིས་ནོར་བུས་བརྗོད་པ་དང་། ཁོང་གིས། ང་རང་འདི་ལོ་ལོ་51ལ་སླེབས་པས་ལོ་ཁ་ཤས་སོང་རྗེས་རྒན་ཡོལ་ཞུ་རྩིས་ཡོད་ཅེས་བརྗོད།

    རྔ་ཆེན་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་ས་ཚིགས་སུ་སླེབས་རྗེས་བཀྲ་ཤིས་ནོར་བུས་སྔོན་ལ་སྤྱི་སྤྱོད་རླངས་འཁོར་ལ་སྐྱོན་ཡོད་མེད་ཞིབ་བཤེར་བྱས་པ་དང་། འདི་ནི་ཁོང་གི་ཉིན་ལྟར་གྱི་འཆར་ཅན་ལས་ཀ་ཞིག་རེད། ཁོང་གིས་སྤྱི་སྤྱོད་རླངས་འཁོར་ལ་སྐྱོན་ཆུང་ཆུང་ཞིག་ལས་མེད་ཀྱང་དུས་ཐོག་སྙན་སེང་ཞུས་ནས་བཟོ་བ་ལས“སྐྱོན་ཤོར་བའི་རླངས་འཁོར་གཏོང་མྱོང་མེད” ཡིན་ནའང་ཁོང་གིས“སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་གི་ངོས་ནས་རླངས་འཁོར་ལམ་ཐོག་ཏུ་འགྲོ་གིན་སྐྱོན་ཤོར་ནས་འགྲུལ་པའི་ལས་ཀར་འཐུས་ཤོར་ཡོང་བའི་སེམས་ཁྲལ་ཆེན་པོ་འདུག”ཅེས་རྟག་ཏུ་བརྗོད་ཀྱི་ཡོད། ལོ་13རིང་ཁོང་གིས་འགྲིམ་འགྲུལ་སྒྲིག་སྲོལ་ལས་ཐེངས་གཅིག་ཀྱང་འགལ་མྱོང་མེད།

    སྤྱི་སྤྱོད་རླངས་འཁོར་གཅིག་ལས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།

    2011ལོར་བཀྲ་ཤིས་ནོར་བུ་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཏུ་དངོས་སུ་གྱུར། ཁོང་གིས། དེ་སྔོན་ངས་ཡུལ་སྐོར་རླངས་འཁོར་དང་བདལ་གཏོང་རླངས་འཁོར་གཏོང་མྱོང་ཡང་མཐར་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བའི་གྲས་སུ་ཞུགས་པ་ཡིན་ཞེས་བརྗོད། ཟླ་རེར་གཏན་འཇགས་གླ་ཕོགས་ཕུད་ལས་ཁུངས་ཀྱིས་ད་དུང་ཁོང་ལ་འགན་བཅོལ་ལྔ་དང་མ་དངུལ་གཅིག་ཉོས་ཡོད་པས་ཁོང་ཧ་ཅང་བློ་ཡིད་ཚིམ་པོ་བྱུང་ཡོད། “ངས་སྤྱི་སྤྱོད་རླངས་འཁོར་ཐོག་མར་གཏོང་སྐབས་ཁྲའེ་ཡིའུ་སྣུམ་སྤྱོད་པའི་རླངས་འཁོར་ཡིན། 2015ལོ་ནས་བཟུང་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་18པ་དེ་གློག་སྒུལ་རླངས་འཁོར་ལ་བསྒྱུར་ཡོད”ཅེས་བཀྲ་ཤིས་ནོར་བུས་བརྗོད་པ་དང་། ཁོང་གིས། ངས་ཐོག་མར་གཏོང་བའི་སྤྱི་སྤྱོད་རླངས་འཁོར་གྱི་རིང་ཚད་ལ་སྨི་10ཡོད། ད་ཆའི་སྤྱི་སྤྱོད་རླངས་འཁོར་གྱི་རིང་ཚད་ལ་སྨི་12ཡོད་པ་དང་རླངས་འཁོར་ནང་སྡོད་ས་43ཡོད་པ་མ་ཟད། ད་དུང་དགུན་དུས་དྲོད་རླངས་ཀྱང་ཡོད་པས་སྐྱིད་སྣང་དོད་ལ་ཁོར་ཡུག་སྲུང་སྐྱོང་ཡང་ཐུབ་ཀྱི་ཡོད་ཅེས་བརྗོད།

    རྔ་ཆེན་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་ས་ཚིགས་ནས་ཐོན་རྗེས་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་18པ་བབས་ཚུགས་རེར་སླེབས་རིམ་བཞིན་རླངས་འཁོར་ནང་འཛུལ་མཁན་དང་འབབ་མཁན་གྱི་འགྲུལ་པ་མང་པོ་ཡོད། “གཟའ་ཟླ་བ་ནས་གཟའ་པ་སངས་བར་དང་། ལྷག་པར་དུ་ལས་ཀའི་དུས་ཚོད་དང་ལས་ཀ་གྲོལ་བའི་དུས་ཚོད་དང་། སློབ་གྲྭར་འགྲོ་དུས་དང་སློབ་གྲྭ་གྲོལ་དུས་བཅས་སུ་སྤྱི་སྤྱོད་རླངས་འཁོར་ལ་སྡོད་མཁན་གྲོང་མི་མང་པོ་ཡོད། དེ་སྔོན་སློབ་གྲྭ་བརྒྱུད་སྐབས་སྤྱི་སྤྱོད་རླངས་འཁོར་ཡང་དུས་ཐུང་འགག་པའམ་ཡང་ན་རླངས་འཁོར་དལ་པོ་གཏོང་བའི་གནས་ཚུལ་ཐོན་གྱི་ཡོད། ལོ་འདི་དག་རིང་ལྷ་ས་གྲོང་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཡོད་པས་རླངས་འཁོར་འགག་པའི་གནས་ཚུལ་ཉུང་དུ་ཕྱིན་ཡོད”ཅེས་བཀྲ་ཤིས་ནོར་བུས་བརྗོད།

    སྤྱི་སྤྱོད་རླངས་འཁོར་གྱི་གཱ་གཅིག་གིས་འཕེལ་རྒྱས་ཀྱི་བདེན་དཔང་བྱེད་པ།

    “ང་རང་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བྱས་མ་ཐག་པའི་སྐབས་སུ་ད་དུང་སྤྱི་སྤྱོད་རླངས་འཁོར་རེར་སྤ་སེ་འཚོང་མཁན་རེ་བཀོད་སྒྲིག་བྱས་ཡོད”ཅེས་བཀྲ་ཤིས་ནོར་བུས་བརྗོད། དུས་རབས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ད་ལྟའི་སྤྱི་སྤྱོད་རླངས་འཁོར་ཚང་མར་སྤ་སེ་འཚོང་མཁན་མེད་པ་དང་། འགྲུལ་པས་སྤྱི་སྤྱོད་རླངས་འཁོར་གྱི་གཱ་བཟོ་ཆོག་པའམ་ཡང་ན་དངུལ་སིལ་མ་གྲ་སྒྲིག་བྱས་ནས་རླངས་འཁོར་ནང་འཛུལ་རྗེས་རང་འགུལ་ངང་གཱ་སྤྱོད་པའམ་ཡང་ན་དངུལ་སྤྲོད་ཆོག་གི་ཡོད།

    ཉེ་བའི་ལོ་ཤས་རིང་། སྤྱི་སྤྱོད་རླངས་འཁོར་གྱི་དངུལ་སྤྲོད་སྟངས་སྣ་མང་ཅན་དུ་འགྱུར་བཞིན་ཡོད། བཀྲ་ཤིས་ནོར་བུས་གཏོང་བའི་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་18པར་སྤྱི་སྤྱོད་རླངས་འཁོར་གྱི་གཱ་དང་། དངུལ་ཁང་གཱ སྤྱི་ཚོགས་འགན་སྲུང་གཱ་བཅས་སྤྱོད་ཆོག་པ་ཕུད་ལག་ཐོགས་ཁ་པར་ནས་དངུལ་སྤྲོད་མཁན་གྱི་འགྲུལ་པའང་ཇེ་མང་དུ་འགྲོ་བཞིན་ཡོད། སྒུལ་བདེའི་གཏོང་སྤྲོད་བྱ་ཐབས་ལས་མི་རྣམས་འགྲོ་སྐྱོད་བྱེད་སྟངས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། “མི་ཐབས་ལ་བརྟེན་ནས་སྤ་སེ་འཚོང་བ་ནས་སྒུལ་བདེའི་གཏོང་སྤྲོད་བར་ངས་ལྷ་སའི་སྤྱི་སྤྱོད་རླངས་འཁོར་འཕེལ་རྒྱས་ཀྱི་བདེན་དཔང་བྱས་ཡོད”ཅེས་བཀྲ་ཤིས་ནོར་བུས་བརྗོད། འདི་ལོ་ལྷ་སས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁག་གཅིག་བརྗེ་རྒྱུ་ཡིན་པ་གོ་ཐོས་བྱུང་བས་ཁོང་གིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

    ལོ་13རིང་། བཀྲ་ཤིས་ནོར་བུར་ཕུལ་བྱུང་ཁ་ལོ་བའི་དཔེ་སྟོན་ལས་གནས་དང་བདེ་འཇགས་དཔེ་དམག་སོགས་ཀྱི་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་ཡོད་ལ། 2022ལོར་ཁོང་ལ་ད་དུང་ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་ལེགས་སྐྱེས་བྱ་དགའ་ཡང་ཐོབ་ཡོད།

    སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་གི་ངོས་ནས་བཀྲ་ཤིས་ནོར་བུས་མི་སེམས་འགུལ་བའི་བྱས་རྗེས་ཆེན་པོ་བཞག་མེད་མོད། འོན་ཀྱང་ཁོང་གིས“བློ་གཅིག་སེམས་གཅིག་ངང་འགྲུལ་པར་ཞབས་འདེགས་ཞུ་བ་ནི་གཟི་བརྗིད་ཆེ་ཤོས་ཡིན་པའི”དམིགས་ཡུལ་གཞིར་བཟུང་ངལ་བ་དང་འཁང་ར་གཉིས་བཟོད་དང་ཧུར་ཐག་འབད་ཐག་གིས་ཉིན་རེའི་ལས་ཀ་ཧུར་ཐག་བྱས་པ་བརྒྱུད། ཉེ་འགྲམ་གྱི་ལས་རོགས་ཚོར་བདེ་འཇགས་ངང་རླངས་འཁོར་གཏོང་བ་དང་འགྲུལ་པར་གུས་ཞབས་བྱེད་པའི་ཤུགས་རྐྱེན་དངོས་འབྲེལ་ཐེབས་ཡོད། བཀྲ་ཤིས་ནོར་བུ་དང་འདྲ་བའི་འགན་འཁྲི་ནན་ཏན་འཁུར་བ་དང་དོ་དོ་ནན་ནན་བྱེད་མཁན་ཁ་ལོ་བ་གྲངས་མེད་ཡོད་པའི་རྐྱེན་གྱིས་དུས་རབས་གསར་པའི་ཉིན་མོ་རེ་རེར་ལྷ་སའི་སྤྱི་སྤྱོད་རླངས་འཁོར་ལས་རིགས་ལ་ནུས་ཚད་གསར་པ་འཕེལ་བ་དང་བཀྲག་མདངས་གསར་པ་སྣོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།