དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མིན་ཧོའི་གེགས་རྗེས་སླར་གསོ་བསྐྱར་བསྐྲུན་གྱི་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-04

    ཟླ་3ཚེས་28ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ཀྲུང་ཁྲོན་ཤང་ཅིན་ཐེན་གྲོང་ཚོར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་ཡོད། འདི་ལོའི་ཟླ་གཉིས་པ་ནས་བཟུང་། མིན་ཧོ་རྫོང་གིས་དུས་ཚོད་དང་འཕེལ་རིམ་ལ་དམ་འཛིན་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་སྔ་རྗེས་སུ་སྒྲུབ་པའི་ཁྲོད་རྣམ་གྲངས་111ལ་ཞིབ་འཇུག་ཆོག་པའི་མཆན་བཀོད་བཀའ་ལན་སྤྲད་པ་དང་རྣམ་གྲངས་66བསྐྲུན་འགོ་ཚུགས་ཡོད། སྔོན་དཔག་བྱས་ན། ཟླ་བདུན་པའི་ཟླ་མཇུག་གོང་དུ་ཉམས་གསོ་བརྟན་གཏོང་རིགས་ཀྱི་རྣམ་གྲངས་ལེགས་གྲུབ་ཐུབ་རྒྱུ་དང་། ཟླ་བཅུ་པའི་ཟླ་མཇུག་གོང་དུ་བསྐྱར་སྐྲུན་རིགས་ཀྱི་རྣམ་གྲངས་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིན་ཧོ་རྫོང་གིས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་གེགས་རྗེས་སླར་གསོ་བསྐྱར་བསྐྲུན་གྱི་ལས་དོན་བཀོད་སྒྲིག་ལ་གཞིགས་ཏེ། དུས་འགོའི་ས་ཡོམ་གནོད་འཚེའི་གྱོང་གུན་ལ་ཚོད་སྐོར་དང་། ཞིང་པའི་སྡོད་ཁང་དང་ཨར་སྐྲུན་དངོས་པོའི་གས་སྐྱོན་གྱི་གནས་ཚུལ་གསལ་འབྱེད། ས་གཤིས་གནོད་འཚེའི་ཤུགས་རྐྱེན་ལ་བརྟག་དཔྱད་ཚོད་སྐོར་བཅས་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གེགས་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་ཇུས་འགོད་བྱས་ནས་རེ་ཞུ་ཕུལ་ཏེ། ཐབས་ལམ་མང་པོ་ནས་མ་དངུལ་བརྩོན་ལེན་བྱས་མཐར་རྫོང་ཡོངས་ཀྱི་གེགས་རྗེས་སླར་གསོ་བསྐྱར་བསྐྲུན་གྱི་རྣམ་གྲངས་126གཏན་འཁེལ་ཐུབ་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་35.11བཏང་ཡོད།

    བསྐྱར་བསྐྲུན་བྱེད་རིང་། མིན་ཧོ་ཡིས་ས་གནས་དེ་གའི་མང་ཚོགས་སྔོན་ལ་ལས་མིར་བསྡུས་ཏེ་ཁོང་ཚོར་ཁྱིམ་གྱི་སྒོ་རྩར་ལས་གནས་མཁོ་འདོན་བྱས་ནས་ཁྱིམ་གཞིས་བསྐྱར་བསྐྲུན་དང་སྦྲགས་ཡོང་འབབ་ཀྱང་ཡོད་པ་བྱས་ཡོད། ད་དུང་འགྲེམས་པང་བཙུགས་ནས་ས་གནས་དེ་གའི་ཡུལ་མིར་ཁྱོན་ཡོངས་ཀྱི་གནས་སྤོས་འཆར་འགོད་དཔེ་རིས་དང་བཟོ་ལྟ་མི་འདྲ་བའི་ཁང་པའི་ཇུས་འགོད་དཔེ་རིས་བསྟན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གནོད་འཚེ་ཚབས་ཆེན་ཕོག་པའི་ཀྲུང་ཁྲོན་ཤང་ཚའོ་ཐེན་གྲོང་ཚོ་དང་། ཅིན་ཐེན་གྲོང་ཚོ། ཀོན་ཐིང་གྲོང་རྡལ་གྱི་ཀྲའོ་མུའུ་ཁྲོན་གྲོང་ཚོ་བཅས་ཀྱི་གཅིག་སྡུད་གནས་སྤོ་བཀོད་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.28བཏང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་264བཀོད་སྒྲིག་བྱས་ཡོད། སྲིད་གཞུང་གི་གཅིག་གྱུར་འཆར་འགོད་དང་ཨར་སྐྲུན་བྱེད་སྟངས་སྤྱད་དེ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞིང་། རྣམ་གྲངས་དེ་ཟླ་4ཚེས་15ཉིན་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཏེ་ཟླ་དགུ་པའི་ཟླ་མཇུག་གོང་ལ་ཞིང་པའི་སྡོད་ཁང་དང་ལེ་ལག་ཚང་བའི་རྣམ་གྲངས་ཀྱི་འཛུགས་སྐྲུན་ཚང་མ་ལེགས་སྒྲུབ་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།