དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གངས་རིའི་འདབས་ཀྱི་བོད་རིགས་ཀྱི་དབྱུག་རྩེད་སྤོ་ལོའི་རུ་ཁག

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-04

    དཔྱིད་ཀྱི་དྲོ་འཇམ་ཉི་འོད་འཕྲོ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་མི་རིགས་ཞག་སྡོད་ལམ་ལུགས་སློབ་ཆུང་དང་པོའི་ཐང་ཆེན་དུ་དབྱུག་རྩེད་སྤོ་ལོའི་གྱོན་ཆས་གྱོན་པའི་ཕྲུ་གུ་ཚོས་ཕར་རྒྱུག་ཚུར་རྒྱུག་ངང་དབྱུག་རྩེད་སྤོ་ལོར་གཞུས་ཏེ་གསོན་ཤུགས་ཀྱིས་ཡོངས་སུ་ཁེངས་པའི་རྣམ་པ་ཞིག་མངོན།

    ལྷ་མོ་དོན་གྲུབ་ཀྱི་ཁྱིམ་ནི་གསེར་ཆེན་རྫོང་ས་གྲུ་བཞི་ཤང་དུ་ཡོད་པ་དང་། ལོ་གཉིས་གོང་། ཁོང་སློབ་གྲྭའི་དབྱུག་རྩེད་སྤོ་ལོའི་རུ་ཁག་ནང་བདམས་ཤིང་། ཉིན་ལྟར་གུང་ཟས་བཟས་རྗེས་ཁོང་དང་རུ་མི་གཞན་80ལྷག་ཙམ་གྱིས་རྩལ་འཁྲིད་པའི་མཛུབ་སྟོན་ལ་བརྟེན་ནས་སྤོ་ལོ་བཀག་པ་དང་དབྱུག་པ་གཞུ་བ་སོགས་ཀྱི་སྦྱོང་བརྡར་བྱས་ཏེ་དབྱུག་རྩེད་སྤོ་ལོ་རྩེ་རྩལ་ཉིན་བཞིན་བྱང་ཆུབ་པར་གྱུར།

    2006ལོ་ནས་བཟུང་། མཚོ་ལྷོ་ཀྲོའུ་སློབ་གསོ་སྡེ་ཚན་གྱིས་དབྱུག་རྩེད་སྤོ་ལོ་དེ་ས་གནས་ཀྱི་མཐོ་འབྲིང་དུ་དར་སྤེལ་བཏང་ཞིང་། དེ་ནས་རྗེས་གྲབས་རུ་ཁག་འཐུས་སྒོ་ཚང་དུ་གཏོང་ཆེད། མཚོ་ལྷོ་ཀྲོའུ་ཡིས་དབྱུག་རྩེད་སྤོ་ལོ་དམའ་རིམ་དང་སློབ་ཆུང་དུའང་རིམ་པས་དར་སྤེལ་བཏང་བ་དང་། 2011ལོར་ལྷ་མོ་དོན་གྲུབ་ཡོད་སའི་སློབ་གྲྭར་དབྱུག་རྩེད་སྤོ་ལོའི་རུ་ཁག་དངོས་སུ་བཙུགས།

    གསེར་ཆེན་རྫོང་མི་རིགས་ཞག་སྡོད་ལམ་ལུགས་སློབ་ཆུང་དང་པོར་སློབ་མ་1729ཡོད་པ་དང་། སློབ་གྲྭ་དེའི་སློབ་སྤྱི་བསོད་ནམས་དར་རྒྱས་ཀྱིས་ད་དུང་མཚོ་ལྷོ་ཀྲོའུ་དབྱུག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་གྱི་ཡོད། ཁོང་གིས་དཔུང་ཁག་ཐོག་མར་བཙུགས་པའི་སྐབས་དགེ་རྒན་འགས་ཕྲུ་གུས་དབྱུག་རྩེད་སྤོ་ལོ་རྩེ་བར་དུས་ཚོད་མང་པོ་འཕྲོ་བརླག་བཏང་ཚེ་རིག་གནས་སློབ་ཚན་སྦྱོང་རྒྱུར་སྐྱོན་འོང་ཚུལ་བཤད། འོན་ཀྱང་དབྱུག་རྩེད་སྤོ་ལོ་རྩེ་མཁན་ཕྲུ་གུ་ཚོའི་གཟུགས་པོ་སྔར་བས་ཐང་དུ་ཕྱིན་ལ་ཕྱིར་འགྲན་བསྡུར་དུ་ཞུགས་ནས་ཁོང་ཚོའི་མཐོང་རྒྱའང་ཆེ་རུ་སོང་བ་རིམ་གྱིས་ཤེས་རྗེས། དགེ་རྒན་ཚོས་རིམ་བཞིན་བསམ་བློར་འགྱུར་ལྡོག་བཏང་ནས་སློབ་མ་མང་པོ་དབྱུག་རྩེད་སྤོ་ལོའི་ལུས་རྩལ་ནང་ཞུགས་པར་སྐུལ་ལྕག་བྱེད་ཀྱི་ཡོད་ཅེས་བཤད།

    ཕྲུ་གུ་ཚོའི་དབྱུག་རྩེད་སྤོ་ལོ་རྒྱག་པར་དགའ་པོ་བྱེད་པར་འགྱུར་བ་གཏོང་མྱོང་མེད། ལྷ་མོ་དོན་གྲུབ་ནི་གཟུགས་སྟོབས་ཆུང་ཞིང་ཤ་རིད་ནའང་། དབྱུག་རྩེད་སྤོ་ལོ་རྩེད་སྐབས་ཤུགས་ཆེན་པོ་འདུག དུས་རྒྱུན་སློབ་གྲྭར་ཉིན་ལྟར་གཏན་འཁེལ་གྱི་སྦྱོང་བརྡར་ཆུ་ཚོད་གཉིས་ཙམ་བྱེད་པ་ཕུད། ཁོང་གིས་ད་དུང་དྲ་ཐོག་ནས་རང་ཉིད་ལ་སྤོ་ལོ་རྒྱག་པའི་ལག་ཤུབས་དང་དབྱུག་རྩེད་སྤོ་ལོ་ཉོས་ནས་གུང་གསེང་ཕ་ཡུལ་ལ་ལོག་དུས་རྩེད་རོགས་བྱེད་མཁན་གྲོགས་པོ་ཆུང་ཆུང་མེད་པའི་སྐབས་ཁོང་གིས་རང་ཁྱིམ་གྱི་གྱང་ལ་སྤོ་ལོ་གཞུས་ནས་རྩལ་སྦྱོང་གི་ཡོད།

    2014ལོར། ཀོང་ཏུང་ཀྲུང་ཧྲན་དུ་འཚོགས་པའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་སྐབས། སློབ་གྲྭ་དེའི་ཕྲུ་གུ་ཚོས་མཚོ་ལྷོ་ཀྲོའུ་ཡི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་ཏེ་མི་རྣམས་ཧང་སང་དུ་བཅུག འགོ་འཛུགས་འགྲན་བསྡུར་རིང་། ཁོང་ཚོས་སྐར་གྲངས་20:0ཡི་ཐོག་ནས་ཕ་རོལ་ལས་རྣམ་པར་རྒྱལ་བས་ས་གནས་དེ་གའི་ཕྲུ་གུ་སྔར་བས་མང་བར་ལྕག་སྐུལ་ཐེབས་ནས་དབྱུག་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་ཡོད།

    ཐོག་མའི་སྤོ་ལོ་རྒྱག་མཁན་མི་ཁ་ཤས་ནས་བཅུ་ཕྲག་བར་མང་དུ་སོང་སྟེ། ད་ཆ་གསེར་ཆེན་རྫོང་མི་རིགས་ཞག་སྡོད་ལམ་ལུགས་སློབ་ཆུང་དང་པོ་ཁོ་ནར་དབྱུག་རྩེད་སྤོ་ལོ་རྩེ་མཁན་སློབ་མ་90ཙམ་ཟིན་གྱི་ཡོད། སློབ་གྲྭ་དེའི་དབྱུག་རྩེད་སྤོ་ལོའི་རུ་ཁག་གི་ཆེད་བསྐོས་རྩལ་འཁྲིད་པ་བྱམས་བཟང་རྒྱལ་ཡང་ཐོག་མར་སློབ་གྲྭ་དེ་གའི་དབྱུག་རྩེད་སྤོ་ལོ་རྩེ་མཁན་ཞིག་ཡིན་པ་དང་། 2011ལོ་ནས་ད་བར། ཁོང་གིས་རུ་མི་ཁག་དགུ་ཙམ་ཁྲིད་པའི་ཁྲོད་ཕྲུ་གུ་མང་པོ་ཞིག་དམའ་རིམ་དང་མཐོ་རིམ་དུ་སླེབས་ཀྱང་སྔར་བཞིན་སློབ་གྲྭའི་རུ་ཁག་གི་སྟོབས་ཤུགས་གཙོ་བོར་གྱུར་ཡོད།

    ལོ་13ལ་སླེབས་པའི་རྡོ་རྗེ་རྒྱལ་མཚན་གྱི་ཁྱིམ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་དུ་ཡོད། ཁོང་ནི་སློབ་གྲྭ་དེའི་དབྱུག་རྩེད་སྤོ་ལོའི་རུ་ཁག་གི“རུ་མི་རྙིང་་པ”ཞིག་ཡིན། ཁོང་གི་གཅེན་པོ་དོན་གྲུབ་ཚེ་རིང་སློབ་ཆུང་འགྲིམ་སྐབས་ནས་དབྱུག་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་ཤིང་། གུང་གསེང་བཞག་རིམ་བཞིན་རྡོ་རྗེ་རྒྱལ་མཚན་གྱིས་གཅེན་པོ་དང་མཉམ་དུ་འབྲོག་རར་དབྱུག་རྩེད་སྤོ་ལོ་རྩེད་ཀྱི་ཡོད།

    དབྱུག་རྩེད་སྤོ་ལོ་རྒྱག་སྐབས་ཚོགས་པའི་མཐུན་སྦྱོར་ལ་དོ་སྣང་ཆེན་པོ་བྱེད་དགོས་སྟབས། ཕྲུ་གུ་ཚོར་བློ་ཁོག་བསྐྱེད་རྒྱུར་ཕན་པ་ཆེན་པོ་ཡོད། “དབྱུག་རྩེད་སྤོ་ལོ་རྩེ་སྐབས་མི་9དགོས་པས། རུ་ཁག་ནང་གྲོགས་པོ་གསར་པ་འགྲིག་ཐུབ་ལ། འགྲན་བསྡུར་སྐབས་བག་ཕེབས་དང་། བཟོད་སྲན། ངར་ཤུགས་སོགས་ཀྱང་དགོས་པས། དེས་དབྱུག་རྩེད་སྤོ་ལོའི་ཡིད་དབང་འཕྲོག་ཤུགས་ཚོར་གྱི་འདུག”ཅེས་རྡོ་རྗེ་རྒྱལ་མཚན་གྱིས་བཤད།

    དབྱུག་རྩེད་སྤོ་ལོས་ཕྲུ་གུ་མི་ཉུང་བའི་སློབ་རིམ་འཕར་བ་དང་ལས་ཞུགས་བྱེད་པར་གདམ་ག་དེ་བས་མང་དུ་སོང་ཞིང་། ཕྲུ་གུ་ཁག་གཅིག་ལ་དབྱུག་རྩེད་སྤོ་ལོ་རྩེ་བར་དམིགས་བསལ་གྱི་ཁྱད་ནུས་ལྡན་པས། ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་སོགས་མཐོ་སློབ་ཀྱིས་བསྡུས་ཡོད། མཚོ་སྔོན་གྱི་གསེར་དངུལ་ཐང་ནས་འཛམ་གླིང་གི་འགྲན་ར་བར་སྐྱོད་པའི་བོད་རིགས་ཀྱི་ཨོ་རྩལ་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་ཆོས་དབྱིངས་སྐྱིད་ཀྱིས“བོད་རིགས་ཀྱི་ཕྲུ་གུ་སྔར་བས་མང་བ་ལུས་རྩལ་གྱི་རྣམ་གྲངས་མང་པོའི་ཁྲོད་ནས་འབུར་དུ་ཐོན་འོང་བར་དངོས་གནས་དགའ་པོ་འདུག”ཅེས་བཤད།

    གང་སར་ཐལ་རྡུལ་དང་རྡོ་ཧྲུག་གིས་ཁེངས་པའི་ལུས་རྩལ་ཐང་ནས་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་ཡུལ་དང་ཡོ་ཆས་འཛོམས་པའི་འགྱུར་ལྡོག་བར་དང་། ཕྱུགས་འཚོ་བ་ནས་མི་ཚེའི་གདམ་ག་མང་དུ་ཕྱིན་པའི་བར་དབྱུག་རྩེད་སྤོ་ལོ་ཆུང་ཆུང་ལས་ཕྲུ་གུ་ཚོས་ལུས་རྩལ་འགྲན་བསྡུར་ལ་བཅངས་པའི་བརྩེ་སེམས་མངོན་པ་མ་ཟད། བོད་འབྲེལ་ས་ཁུལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་འབད་འབུངས་མདུན་སྐྱོད་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་བཟང་པོའང་མངོན་གྱི་ཡོད།

    འདི་ལོའི་དབྱར་ཁའི་གུང་གསེང་རིང་། ཕྲུ་གུ་ཚོ་སླར་ཡང་རྡོག་ཐོན་གྱིས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་28ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།