དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་ལས་གཏིང་ཟབ་བྱས། དམངས་ལ་བདེ་སྐྱིད་བསྐྲུན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱང་དབྱིས།   |     སྤེལ་དུས།  2024-04-04

    འདི་ནི་ཟླ་3ཚེས་27ཉིན་པར་བླངས་པའི་སི་རི་ལན་ཁའི་ཁོ་ལོན་པོ་གྲུ་ཁའི་གྲོང་གི་སྤྱི་གླིང་དང་རྒྱང་རིང་གི་ཁོ་ལོན་པོ་གྲུ་ཁ་ཡིན་པ།

    ཀྲུང་གོ་དང་སི་རི་ལན་ཁ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་བྱེད་མང་དུ་སོང་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་རྒྱུན་འཁྱོངས་དང་མཐུན་སྦྱོར་ཡག་པོ་བྱུང་ཡོད། ཀྲུང་སི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱ་ཆེ་རུ་བཏང་བ་མ་ཟད། ད་དུང་ཀྲུང་སིའི་དབར་ལྷག་བསམ་ཟོལ་མེད་ངང་རོགས་རེས་དང་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་དེང་རབས་ཅན་ལ་སྐུལ་འདེད་བཏང་བ།

    འདི་ལོའི་ཟླ་3པར་ཁོ་ལོན་པོ་གྲུ་ཁའི་གྲོང་གི་གཅིག་འཐུས་རྣམ་པའི་ཞབས་ཞུའི་ལྟེ་གནས་དང་དངུལ་རྩའི་ཐོན་ལས་གླིང་གི་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་ཤིང་། གྲུ་ཁའི་གྲོང་ནང་སི་རི་ལན་ཁའི་གྲོང་ཁྱེར་ནང་ཁུལ་གྱི་ཁྲལ་མེད་ཚོང་ཁང་ཐོག་མ་བསྐྲུན་ཟིན་ནས་བོགས་གཏོང་བྱེད་ཚད་100%ཟིན་པ་དང་། ཚོང་ཁང་མཛེས་བཟོ་མཇུག་འགྲིལ་ཉེར་ཡོད་པས་སྔོན་དཔག་བྱས་ན་ཉེ་དུས་སྒོ་ཕྱེ་ནས་སྐུ་མགྲོན་བསུ་རྒྱུ་ཡིན་པ་རེད།

    ཁོ་ལོན་པོ་གྲུ་ཁའི་གྲོང་ནི་ཀྲུང་སིའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཤིག་རེད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཀྲུང་གོ་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་མ་འཇོག་བྱས་ནས་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་སྒོ་དབྱེ་དང་། བསྟུན་མཁས། ལྗང་མདོག ཐཱན་ཉུང་བཅས་ཀྱི་འདུ་ཤེས་བཟུང་ནས་ས་གནས་དེ་གའི་དམངས་ཚོགས་ལ་ལས་དོན་དང་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་གཏོད་གང་ཐུབ་བྱས་ཡོད།

    ན་ནིང་ཟླ་7པར་སི་རི་ལན་ཁའི《ཁོ་ལོན་པོ་གྲུ་ཁའི་གྲོང་གི་དཔལ་འབྱོར་ཨུ་ལྷན་གྱི་ཁྲིམས་གཞིའི》ལྟེ་བའི་ཁྲིམས་སྲོལ་ཏེ། 《འཐབ་ཇུས་གལ་ཆེའི་རང་བཞིན་གྱི་ཁེ་ལས་ཀྱི་ཆག་ཡང་དང་ལྕག་སྐུལ་མཛུབ་སྟོན》དངོས་སུ་ལག་ལེན་བསྟར་ཚུན《དམིགས་བསལ་གྱི་རྒྱལ་སྒྲོལ་ཐོངས་མཆན་སྲིད་ཇུས》སོགས་ཞིབ་སྲོལ་དང་ཁྲིམས་སྲོལ་དོན་ཚན་9དང་དེ་བཞིན་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ཁེ་ལས་59ཡིས་ཐོ་འགོད་བྱས་པ། གྲུ་ཁའི་གྲོང་གི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁོ་ལོན་པོ་གྲུ་ཁའི་གྲོང་གིས་ཐད་ཀར་དང་བར་བརྒྱུད་ལམ་ནས་ལས་གནས་ཁྲི་40ལྷག་ཙམ་གཏོད་རྒྱུ་ཡིན་པ་རེད། སི་རི་ལན་ཁའི་གཞོན་ནུ་མ་ཤིས་སི་སྨིས་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ཅིང་། ཁོ་མོས་ཁོ་ལོན་པོ་གྲུ་ཁའི་གྲོང་དུ་རྣམ་གྲངས་མ་འཇོག་ཁྱབ་གདལ་དང་ཁྲོམ་ར་གཉེར་སྐྱོང་གི་འགན་འཁུར་གྱི་ཡོད། “ཁོ་ལོན་པོ་གྲུ་ཁའི་གྲོང་གིས་ལས་ཞུགས་ཀྱི་གོ་སྐབས་གསར་པ་གཏོད་ནས་ང་ཚོའི་དཔལ་འབྱོར་འཕེལ་རྒྱས་སྔར་ལས་བརྟན་དུ་ཕྱིན་པ་མ་ཟད། ཡུལ་དེའང་ཡུལ་སྐོར་བ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་ཤིས་སི་སྨི་ཡིས་བཤད་པ་རེད།

    ཚན་རྩལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ།

    ཆར་ཆུ་འབེལ་བའི་རྒྱལ་ཁབ་ཅིག་ཡིན་པའི་སི་རི་ལན་ཁར་ཆུ་དཀོན་པོ་མེད་མོད། འོན་ཀྱང་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་གཙང་མ་ཐུབ་མེད། 2015ལོའི་ཟླ་3ཚེས་26ཉིན་ཀྲུང་གོ་ཚན་རིག་ཁང་གི་འཐུས་མི་དང་སི་རི་ལན་ཁའི་ཆུ་མཁོ་འདོན་པུའུ་དེ་སྔའི་གྲོང་ཁྱེར་འཕེལ་རྒྱས་དང་ཆུ་མཁོ་འདོན་པུའི་འཐུས་མིས་པེ་ཅིང་དུ《ཀྲུང་གོ་ཚན་རིག་ཁང་དང་སི་རི་ལན་ཁའི་གྲོང་ཁྱེར་འཕེལ་རྒྱས་དང་ཆུ་མཁོ་འདོན་པུའི་མཉམ་ལས་དྲན་ཐོར》མིང་རྟགས་བཀོད་ཡོད། དེ་ནས་ཡུན་རིང་མ་སོང་བར་ཀྲུང་གོ་ཚན་རིག་ཁང་དང་སི་རི་ལན་ཁའི་འབྲེལ་ཡོད་སྡེ་ཚན་གྱིས་སྣེ་ཁྲིད་དེ་ཀྲུང་གོ་དང་སི་རི་ལན་ཁའི་ཆུའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་མཉམ་འབྲེལ་ལྟེ་གནས(གཤམ་དུ“ཀྲུང་སི་ཆུའི་ལྟེ་གནས”ཞེས་བསྡུ་རྒྱུ)དངོས་སུ་བཙུགས་ཡོད། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་སི་ཆུའི་ལྟེ་གནས་ཀྱིས་སི་རི་ལན་ཁའི་དམངས་ཚོགས་ཀྱི་བློ་བདེའི་ཆུ་འཐུང་རྒྱུ་ཡོང་བའི་འདུན་པ་སྒྲུབ་རོགས་བྱེད་བཞིན་ཡོད།

    མ་ཐེ་ལེ་གྲོང་ཁྱེར་མེ་ཐི་ཧ་ཁ་གྲོང་ཚོ་དེ་ཉིད་སི་རི་ལན་ཁའི་དབུས་རྒྱུད་ཀྱི་ཐག་རིང་ལུང་ཁུག་ཏུ་ཆགས་ཤིང་། དེ་གའི་ཡུལ་མིས་སྲོལ་རྒྱུན་གྱི་འདེབས་འཛུགས་ལས་རིགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ན་ནིང་ཟླ་6པར་ཀྲུང་སི་ཆུའི་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཆུ་སྲུང་སྐྱོང་བྱེད་བདེའི་སྒྲིག་ཆས་གསར་པ་གྲོང་ཚོ་ཆུང་ཆུང་དེར་སྒྲིག་སྦྱོར་བྱས་པ་རེད། ཉིན་རེར་ཆུ་གཙང་གསིང་བྱེད་ཚད་ཏུན་120ཟིན་པའི་སྒྲིག་ཆས་དེ་རིགས་ཀྱིས་མེ་ཐི་ཧ་ཁ་གྲོང་ཚོ་དང་དེ་བཞིན་ཉེ་འགྲམ་གྲོང་ཚོའི་ཡུལ་མི་800ལྷག་ཙམ་ལ་སྤུས་ལེགས་འཐུང་ཆུ་མཁོ་འདོན་ཐུབ་ཀྱི་ཡོད།

    མིག་སྔར་ཀྲུང་སི་ཆུའི་ལྟེ་གནས་ཀྱིས་སི་རི་ལན་ཁའི་གྲོང་གསེབ་ཏུ་འཐུང་ཆུ་གཙང་གསིང་དཔེ་སྟོན་ལས་གྲྭ་མང་པོ་བསྐྲུན་ཡོད་པ་མ་ཟད། མཁལ་མའི་ནད་རྐྱེན་འཚོལ་བའི་ཞིབ་འཇུག་ཐད་ལའང་འཕེལ་རྒྱས་གལ་ཆེན་བྱུང་ཡོད། དེ་དང་ཆབས་ཅིག་ལྟེ་གནས་དེས་ཆུ་དང་ཁོར་ཡུག་ཁྱབ་ཁོངས་སུ་རྒྱལ་ཁོངས་སི་རི་ལན་ཁ་ནས་ཡིན་པའི་ཞིབ་འཇུག་སློབ་མ་36དང་ཆུ་དོན་ཆེད་ལས་མི་སྣ་18གསོ་སྐྱོང་བྱས་པ་དང་། དེ་བཞིན་སི་རི་ལན་ཁར་མཁལ་མའི་ཁོག་ནད་ཚན་ཁག་གི་སྨན་དོན་མི་སྣ་དང་ལག་རྩལ་པ་30དང་ས་ཡུལ་དངོས་ཀྱི་རིམས་ནད་རིག་པའི་བརྟག་དཔྱད་མི་སྣ་20གསོ་སྦྱོང་བྱས་ཏེ། ས་གནས་དེ་གར་མཁལ་མའི་གཅོང་ནད་ཕོག་ཚད་ཉུང་དུ་གཏོང་བ་དང་ཡུལ་མིའི་བདེ་ཐང་འགན་ལེན་གྱི་རྒྱུན་མཐུད་ཆོག་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད།

    ཤེས་དཔལ་སྤེལ་རེས་བྱས་ནས་དམངས་སེམས་གཅིག་མཐུན་ཡོང་བར་བྱས་པ།

    འདི་ལོའི་ཟླ་གཉིས་པར་སི་རི་ལན་ཁའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་སི་རི་ལན་ཁའི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སི་རི་ལན་ཁའི་ཀྲུང་གོའི་རིག་གནས་པར་ལེན་འགྲེམས་སྟོན་ཁོ་ལོན་པོར་གཉེར་ཞིང་། རྒྱལ་ཁབ་གཉིས་པོའི་པར་རྒྱག་མཁས་ཅན་གྱི་བརྩམས་ཆོས་བསྡོམས་300ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་རྒྱལ་ཁབ་གཉིས་པོའི་རང་བྱུང་མཛེས་ལྗོངས་དང་། གནའ་ཤུལ་གྲགས་ཅན། དུས་ཆེན་གྱི་རྣམ་པ་སོགས་ཡོད་པ་ལས་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་མངོན་བཞིན་ཡོད།

    སི་རི་ལན་ཁའི་ནུབ་བྱང་རྒྱུད་དུ་གནས་པའི་ཕ་པཱ་ལུའུ་ཅ་ལཱ་རྗེས་ཤུལ་ནི་གནའ་བོའི་ཧིན་རྡུ་རྒྱ་མཚོའི་ཚོང་དོན་ཁྲོད་ཀྱི་འགག་རྩའི་ལྷུ་ཚིགས་ཤིག་རེད། སྔོན་མ་དེ་ག་ནི་ཚོང་ཟོག་ཐོན་ཁུལ་གལ་ཆེན་ཞིག་ཡིན་པ་དང་། དེའི་ཐོན་རྫས་ཀྱི་ལོ་རབས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་3པ་ནས་སྤྱི་ལོའི་དུས་རབས་10པའི་བར་ཡིན་ཞིང་། ཨེ་ཤེ་ཡ་ཤར་མའི་སྔ་དུས་ཀྱི་ལོ་རྒྱུས་དུས་སྐབས་ཀྱི་གནའ་ཤུལ་མང་པོར་ཁྱབ་ཡོད་པ་རེད། འདི་ལོའི་ཟླ་དང་པོ་དང་ཟླ་གཉིས་པར་སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་ཚན་རིག་ལྟེ་གནས་དང་། གནའ་རྫས་རིག་དངོས་རྟེན་རྫས་སློབ་གླིང་། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། ཁྲེང་ཏུའུ་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་བཅས་ཀྱི་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་དེ་གར་ཡོང་ནས། སི་རི་ལན་ཁའི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཅུས་དང་ཁའེ་ལ་ཉི་ཡ་སློབ་ཆེན་གནའ་རྫས་རྟོག་ཞིབ་ཚན་ཁག་ལས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་ཏེ་ཕ་པཱ་ལུའུ་ཅ་ལཱ་རྗེས་ཤུལ་དུ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།