དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞི་མཐུན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་པ།

    —— རང་ལྗོངས་ཀྱིས་ཆུ་བེད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-04

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བོ་དྭངས་གཙང་ཡོང་བར་བྱེད་པའི་ལས་གྲྭ་གལ་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་གྱིས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། ཆུ་བོ་དང་མཚོའི་སྐྱེ་ཁམས་རྒྱུན་མཐུད་སྐྱོན་བྲལ་ངང་ལེགས་སུ་གཏོང་བ། ཆུ་བེད་བྱ་གཞག་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    2023ལོའི་ཟླ་11པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་དང་། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག 《ཆུ་སྤྱོད་དབང་ཆ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་ལྷོ་ཁ་གྲོང་ཁྱེར་དུ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ཏེ། ལྗོངས་ཡོངས་ཀྱི་སྔོན་ལ་ཆུ་དབང་ཉོ་ཚོང་ལས་དོན་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚོ་གཙོ་བོ་དྭངས་གཙང་ཡིན་ཚད་100%ཟིན་པ་དང་། ཆུ་བོ་དང་། གཙང་པོ། མཚོ་བཅས་གཙོ་བོའི་ཆུ་སྤུས་སྤྱི་ཡོངས་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད།

    དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་མྱང་ཆུ་དང་ཡར་ཀླུང་གཙང་པོའི་མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་སྤེལ་ནས་གྲི་གུ་མཚོ་སོགས་རང་སྐྱོང་ལྗོངས་རིམ་པའི་ཆུ་བོ་དང་མཚོ་33བསྐྲུན་པ་དང་། སྟག་རྩེ་དང་། བཞད་མཐོང་སྨོན། ཀོང་པོ་རྒྱ་མདའ་སོགས་རྫོང་ཁོངས་8ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཚད་གཞི་ལོན་པའི་རྫོང་ལ་བསྐྲུན་ཟིན་པ། 《དུས་རབས་གསར་པའི་ས་ཆུ་སྲུང་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》བཀྲམ་པ། ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་330.43བཅོས་སྐྱོང་བྱས་ཡོད། 2023ལོར་ལྗོངས་ཡོངས་ཀྱི་ས་ཆུ་ཤོར་ཁྱོན་2022ལོ་ལས་སྤྱི་ལེ་ངོས་གྲུ་260.34(འཁྱག་ཆུ་ཚུད་མེད་པ)ཉུང་དུ་ཕྱིན་པ་དང་ས་ཆུ་སྲུང་འཛིན་ཐུབ་ཚད་92.2%(འཁྱག་ཆུའི་བསླད་སྐྱོན་ཚུད་མེད་པ)ཟིན་ཡོད།

    ལྗོངས་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱི་ལས་གྲྭ་གལ་ཆེན་ཕྱོགས་ཡོངས་ནས་བསྐྲུན་མགྱོགས་སུ་བཏང་བར་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་ཡོད། 2023ལོར། ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭ་དང་དེ་བཞིན་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་སྤྱོད་འགོ་ཚུགས་པ་དང་། ཕུ་མདོ་ཆུ་འདྲེན་ལས་གྲྭའི་གཙོ་གནད་ལས་གྲྭ་ལས་འགོ་ཚུགས་ནས་ཆུ་བེད་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཐོག་མར་བྱུང་བ། བར་རྩེ་ཆུ་བེད་ལྟེ་བ་དང་མི་ལྤགས་ཐང་སོགས་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད།

    2023ལོའི་ཟླ་6པར། ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭའི་འཕྲུལ་ཚན་4ཚང་མ་ནས་གློག་གཏོང་འགོ་ཚུགས་ཤིང་། ལས་གྲྭ་དེས་ཆུ་འདྲེན་དང་། ཆུ་མཁོ་འདོན། སྐྱེ་ཁམས་ཁོར་ཡུག་ལེགས་གཏོང་བཅས་གཙོ་བོར་བྱས་ནས་ཞོར་ལ་གློག་གཏོང་གི་ཡོད། རྒྱལ་ཁབ་ཀྱི་ཆུ་བེད་ལས་གྲྭ་གཙོ་བོ་ཁག་172ཀྱི་གྲས་ཤིག་དང་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྐང་འཛིན་ལས་གྲྭ་ཞིག་ཡིན་པའི་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་དེ་བཞིན་སྨད་རྒྱུད་ཀྱི་མུའུ་ཁྲི་12.49ཡི་ཞིང་ཆུ་འདྲེན་ནུས་ལེགས་སུ་ནུས་ལྡན་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན། གཞིས་རྩེ་གྲོང་ཁྱེར་གྱི་དགུན་དུས་གློག་དཀོན་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་བཅས་ཕྱིན་ཡོད།

    རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་དམིགས་ཏེ། གྲོང་གསེབ་ཀྱི་གཞི་ཁྱོན་ཅན་གྱི་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭ་དང་ཆུ་མཁོ་འདོན་ལས་གྲྭ་ཆུང་གྲས་ཚད་གཞི་ཅན་གྱི་འཛུགས་སྐྲུན་སྒྱུར་བཀོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ཏེ་ཞིང་འབྲོག་པར་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་ཐོབ་པར་བྱས་ཡོད།

    ད་ཆའི་གངས་ལྗོངས་ས་མཐོར། ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་པ་དང་། ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ཆུ་བོ་དང་མཚོ་ཡི་རྣམ་པ་གསར་རྐྱང་དུ་གྱུར་པ། རི་ཀླུང་མཛེས་སྡུག་ལྡན་པར་གྱུར་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།