ཞིང་ལས་ཀྱི་ཐོན་འབབ་དང་སྤུས་འབོར་གཉིས་ཀ་མཐོ་རུ་སོང་བ།
བཟའ་བཏུང་སྣ་ཁ་འཛོམས་ཤིང་བདེ་ཐང་གི་ཆུ་ཚད་མཐོ་རུ་སོང་བ།
སྔོ་ཚལ་དྲོད་ཁང་ཆེན་པོ་སྟར་པ་རེ་རེ་བཞིན་རྒྱལ་ལམ་318གཞིས་རྩེའི་ལམ་རྒྱུད་དུ་གྲལ་སྟར་འགྲིག་པོས་གནས་པ་དང་དེ་དག་སྟེང་གི་འོད་ཤུགས་པང་ལེབ་རྣམས་ཉི་འོད་འོག་བཀྲག་མདངས་ལྷག་པར་འཚེར། དྲོད་ཁང་སྟེང་གི་འོད་ཤུགས་པང་ལེབ་ནས་གློག་རྒྱུན་མཐུད་བཏང་སྟེ་དྲོད་ཁང་ནང་གི་ཁ་ཆེ་ཤ་སྐམ་དང་། སྐྱེ་ལྡན་སྔོ་ཚལ། མེ་ཏོག་སོགས་དཔལ་འབྱོར་སྐྱེ་དངོས་ཀྱི་སྐྱེ་འཚར་བཟང་བ་ལས“ཞིང་འོད་གསབ་རེས་དང་གཅིག་གོ་ཉིས་ཆོད”བྱུང་བ་དང་། བོད་ཀྱི་འབྲི་གཡག་དང་། བ་གླང་། ཨན་ཀེ་སི་བ་གླང་བཅས་གསུམ་རྒྱུད་འདྲེས་སྡེབ་སྦྱོར་བྱས་ནས་ཚོང་སྤྱོད་བཤས་གླང་ཡར་ཀླུང་བ་གླང་ལེགས་གྲུབ་ལྡན་པའི་ངང་གསོ་སྤེལ་ཐུབ་པས་རྒྱལ་རྩེ་རྫོང་གི་གཞི་ཁྱོན་ཆེ་བའི་གསོ་ཚགས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། པ་སྣམ་རྫོང་གི་ཞིང་ལས་ཚན་རྩལ་གླིང་གི་ས་མཐོའི་དྲོད་ཁང་དུ་ཚ་ཁུལ་གྱི་ཤིང་འབྲས་དང་མེ་ཏོག་སྣ་ཚོགས་བཏབ་པས་ཞིང་འབྲོག་མང་ཚོགས་ཚོའི་ངོ་གདོང་ལས་འཛུམ་མདངས་འཕྱུར།
བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་ཞིང་འབྲོག་ལས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
ལོ་65ཡི་རིང་། “བོད་ནས་ཨང་690”དང་། “བོད་ནས་ཨང་320”“བོད་ནས་ཨང་2000” “ཧི་མ་ལ་ཨང་22”སོགས་ནས་སོན་གསར་པའི་ཐོན་འབབ་རྒྱུན་མཐུད་འཕར་ནས་མུའུ་རེའི་ཐོན་འབབ་བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་སྤྱི་རྒྱ་80ཙམ་ནས་ད་ཆའི་སྤྱི་རྒྱ་400བར་མང་དུ་ཕྱིན་ཡོད།
རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཞིབ་འཇུག་པ་དབྱང་ཡུང་གིས“མིག་སྔར་ནས་ཀྱི་ས་བོན་གསར་པ‘བོད་ནས་ཨང་3000’གཞི་ཁྱོན་ཆེ་བའི་དཔེ་སྟོན་འདེབས་ལས་ལ་སྤྱད་པ་དང་། ཚི་ལྡན་ནས་སོན‘བོད་ནས་ཨང་18’པས་ནས་ལས་སྣོན་ཐད་ཆེད་མངགས་སྤྱོད་པའི་ས་བོན་ཐོག་མར་བཏོད་ཡོད”ཅེས་ངོ་སྤྲོད་བྱས།
བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་བོད་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་ལས་སྟེགས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་དང་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་ཞིང་འབྲོག་ལས་ཀྱི་སོན་བཟང་གསར་པ་ཁག་གཅིག་རྒྱུན་ཆད་མེད་པར་ཐོན་ཏེ་བོད་ཀྱི་ཞིང་ལས་ཐོན་ནུས་ཀྱི་སྤུས་འབོར་གཉིས་ཀ་མཐོ་རུ་ཕྱིན་པ་དང་། འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པ། ཞིང་ལས་ཐོན་རྫས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། འཚོ་བཅུད་ལེགས་སུ་ཕྱིན་པ། ལྗོངས་ཡོངས་ཀྱི་གྲོང་མིའི་བདེ་ཐང་གི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་རེད།
དབྱང་ཡུང་གིས“སླད་ཕྱིན་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཞིང་ལས་ཁོར་ཡུག་དང་། ཁྱད་ལྡན་ཞིང་ལས་ཐོན་ཁུངས། ཐུན་མོང་མ་ཡིན་པའི་ཞིང་ལས་མ་ལག་བཅས་ལ་མུ་མཐུད་དམིགས་ཏེ་ཚན་རྩལ་གསར་གཏོད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། བོད་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་བདེ་འཇགས་དང་མཁོ་སྤྲོད་ཆུ་ཚད་དེ་བས་མཐོ་བར་སླེབས་པར་སྐུལ་འདེད་བཏང་སྟེ་བོད་ཀྱི་གྲོང་མིའི་ཟ་འབྲུ་སྔར་བས་བདེ་འཇགས་དང་། ཤ་ཚལ་སྒོང་གསུམ་སྔར་བས་ཕུན་སུམ་ཚོགས་པ། ཤིང་འབྲས་རིགས་སྔར་བས་མང་བ་བཅས་ཡོང་བར་བྱས་ནས། ཚང་མའི་བཟའ་བཅའི་འཚོ་བཅུད་དང་བདེ་ཐང་གི་དགོས་མཁོ་འགན་ལེན་ནུས་ལྡན་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།