མིག་སྔར་ལྷ་ས་གྲོང་ཁྱེར་དུ་ཁྱོན་བསྡོམས་སྨན་ཁང་31དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་66ཡོད་པ།
“སྐར་མ་15ཡི་དམངས་ཕན་སྨན་བཅོས་ཞབས་ཞུའི་འཁོར་རྒྱ”རགས་ཙམ་ཆགས་པ།
མང་ཚོགས་ལ་སྨན་བཅོས་ཞབས་ཞུའི་སྟབས་བདེ་ཟམ་མི་ཆད་པར་སྐྲུན་ཆེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་དང་བེད་སྤྱོད་ནུས་ལྡན་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། མང་ཚོགས་ཚོར་ནད་བསྟེན་པའི“མཐའ་མའི་འགག་གནད”བཤངས་ཡོད། ཉིན་ཤས་གོང་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་ཁྱོན་བསྡོམས་སྨན་ཁང་31དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་66(སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས)ཡོད་པ་དང་། ཚད་ལྡན་དང་། ནུས་ཆེ། དམངས་ཕན་བཅས“སྐར་མ་15ཡི་དམངས་ཕན་སྨན་བཅོས་ཞབས་ཞུའི་འཁོར་རྒྱ”རགས་ཙམ་ཆགས་ནས་མང་ཚོགས་ཀྱིས་ཐག་ཉེ་ས་ནས་ནད་བསྟེན་ཐུབ་པ་དང་སྨན་བཅོས་ཐུབ་པ་བྱུང་ཡོད།
རིམ་དབྱེའི་སྨན་བཅོས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་ནས། མང་ཚོགས་ཀྱིས་ནད་བསྟེན་སྨན་བཅོས་བྱ་རྒྱུ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད། ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁང་སྒོ་བསྟེན་སྨན་ཁང་གི་ཚོམས་ཆེན་དུ་སྐྱོད་སྐབས་གྲོང་མི་མི་ཉུང་བ་ཞིག་སྨན་པ་བསྟེན་བཞིན་ཡོད་པ་མཐོང་བྱུང་། བུད་མེད་ཚན་ཁག་གི་བརྟག་དཔྱད་ཁང་དུ་སྨན་པས་གྲོང་མིར་སྨན་རིན་མི་དགོས་པའི“སྐྲན་གཉིས”བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། སྔོན་འགོག་སྨན་ཁབ་ཁང་དུ་གྲོང་མིས་ཕྲུ་གུ་ཁྲིད་དེ་རིམས་འགོག་སྨན་ཁབ་རྒྱག་བཞིན་ཡོད་པ། Bསྒྲ་རླབས་ཁང་དུ་སྨན་པས་ནད་པར་བརྟག་དཔྱད་ནན་ཏན་བྱེད་བཞིན་པ་བཅས་མཐོང་བྱུང་།
“‘སྒོ་རྩར’ནད་གཞི་བསྟེན་ཐུབ་པས་དངོས་འབྲེལ་སྟབས་བདེ་པོ་འདུག ནད་གཞི་ཆུང་གྲས་ཐད་ཀར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ཡོང་ནས་སྨན་བཅོས་བྱས་ན་འགྲིག་གི་འདུག”ཅེས་ཆམ་པ་ཕོག་ནས་སྨན་ཆུ་བླུག་པར་ཡོང་བའི་བགྲེས་སོང་པ་དབང་གིས་བརྗོད། སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོང་མོང་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དེའི་སྨན་བཅོས་ཞབས་ཞུ་སྐྱིད་རས་དང་། ཐལ་སྤུངས་སྒང་། ཝ་པ་གླིང་། སྦྲ་ནག་ཞོལ། སྤོ་བོ་གླིང་ཁ་བཅས་སྡེ་ཁུལ་6ལ་ཁྱབ་པ་དང་། སྐྱིད་རས་ཁྲོམ་གཞུང་གི་གྲོང་མི་ཁྲི་2.7ལྷག་ཙམ་གྱིས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད།
སྨན་ཁང་གི་ཐ་སྐྱོང་ནུས་པ་ཆེ་རུ་བཏང་བས་ནད་ཆེན་རིགས་220ལྷག་ཙམ་བོད་ནས་སྨན་བཅོས་ཐུབ་པར་བྱས་ཤིང་། ནད་པ་ཀུན་ཆེ་གེ་མོ་ལོ་བཅུའི་གོང་ལ་ཆུ་འཁོལ་གྱིས་གཟུགས་པོའི་གཞོགས་གཡས་པ་འཚིག ཐག་རིང་ལུང་ཁུག་ཏུ་གནས་པ་དང་ཁྱིམ་ཚང་གི་ཆ་རྐྱེན་ཞན་པ་སོགས་ཀྱིས་རྐྱེན་པས་སྐབས་དེ་དུས་དུས་ཐོག་ཏུ་སྨན་བཅོས་ཐུབ་མེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་བོད་སྐྱོར་སྨན་པ་ཝང་ཝང་གི་སྣེ་ཁྲིད་འོག་ནད་པ་དེར་གཤགས་བཅོས་བྱས་པ་རེད། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་ཐུབ་པ་དང་། གོང་རིམ་སྨན་ཁང་གི་སྨན་བཅོས་ཐོན་ཁུངས་འདོན་སྤེལ་ནུས་ལྡན་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་10པར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སྒོ་བསྟེན་སྨན་ཁང་ཚོམས་ཆེན་གྱི་གཅིག་འཐུས་རྣམ་པའི་ཞབས་ཞུའི་ལྟེ་གནས་སྤྱོད་འགོ་ཚུགས་ཤིང་། དེའི་ནང་སྨན་སྤྱོད་བློ་འདྲི་དང་། སྒྲ་རླབས་སྔོན་མངགས། བརྙན་ཕབ་སྔོན་མངགས། བློ་འདྲིའི་ཞབས་ཞུ། ཐེལ་ཙེ་རྒྱག་ས་བཅས་སྐར་ཁུང་ལྔ་ཚུད་ཡོད་པས་མང་ཚོགས་སྨན་བཅོས་བྱེད་པར་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་ལོ་མཇུག་བར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ནད་ཆེན་རིགས་220ལྷག་ཙམ་བཅོས་ཐུབ་པ་དང་2024ལོར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ནད་ཆེན་གྱི་ནད་བརྟག་སྨན་བཅོས་ཀྱི་ནད་རིགས་སྔར་བས་གསེད་དཀྲོལ་བྱས་ཏེ་ས་གནས་དེ་གས་ནད་ཆེན་ནད་བརྟག་སྨན་བཅོས་ཐུབ་པའི་ནད་རིགས་ཀྱི་གྲངས་འབོར་ཚད་བརྒལ་ཡོངབ་བྱས་ནས་སྨན་ཁང་གི་ཐ་སྐྱོང་ནུས་པ་ཆེ་རུ་གཏོང་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་རེད།
སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གྱིས་རྫོང་དང་ཆུས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཞིང་། གསར་འགོད་པས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་ལ་ཁྱོན་སྨན་ཁང་31ཡོད་པའི་ནང་གཞུང་བཙུགས་སྨན་ཁང་9དང་དམངས་གཉེར་སྨན་ཁང་22ཡོད། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང(སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས)66ཡོད། སྨན་བཅོས་སྒྲིག་གཞིའི་གྲངས་འབོར་དང་ཞབས་ཞུའི་ནུས་པ་ནི་དམངས་ཕན་སྨན་བཅོས་ཀྱི་རྒྱུ་རྐྱེན་གལ་ཆེན་ཡིན། གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྒྱང་བསྟེན་སྨན་བཅོས་དང་རིགས་གཅིག་མཁས་ཅན་རྫོང(ཆུས)མི་དམངས་སྨན་ཁང་ལ་མངགས་ནས་དུས་ཐུང་རོགས་སྐྱོར་དང་སྨན་པ་དཀའ་བཅུ་པ་ཁྲི་ཡིས་གྲོང་གསེབ་ལ་རོགས་སྐྱོར་བྱེད་པའི་འཕྲོད་བསྟེན་འདུ་འགོད་རྣམ་གྲངས། དེ་བཞིན་རྫོང་(ཆུས)ཁག་ལ་སྨན་ཁང་སྒྱུར་མཁན་ནད་ཚབས་ལྕི་བའི་ནད་པར་ཐོགས་མེད་བགྲོད་ལམ་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཉིང་ཁྲི་རྫོང་མི་དམངས་སྨན་ཁང་དང་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་ལ་བོད་ཀྱི་བྲང་གཟེར་སྐྱོབ་བཅོས་ཀྱི་ཚན་པ་ཁག་དང་པོ་འཛུགས་དབང་རག་ཡོད། “རྒྱང་བསྟེན་ཞབས་ཞུར་བརྟེན་ནས་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་སོང་བ་དང་། མང་ཚོགས་ཀྱིས་སྨན་པ་བསྟེན་པའི་བློ་ཡིད་ཚིམ་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།