དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྡོད་ཁང་ཡོད་པ་དང་སྡོད་ཁང་ཡག་པོ་ནས་གནས་ལ་འཕྲོད་པའི་བར་གྱི་འགྱུར་ལྡོག

    སྡོད་ཁང་འགྱུར་ལྡོག་གིས་བདེ་སྐྱིད་འཚོ་བར་དཔང་པོ་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-04

    མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་ནས་རླངས་འཁོར་བཏང་སྟེ་རྒྱལ་ལམ་219བརྒྱུད་རུ་ཐོག་རྫོང་གི་ཕྱོགས་སུ་སྤྱི་ལེ་50ལྷག་ཙམ་བསྐྱོད་ཚེ། གཞུང་ལམ་འགྲམ་གྱི་ཨ་རུ་གྲོང་ཚོའི་ལྕགས་སྒང་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སླེབས་ཤིང་། དེ་གར་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་ལ། ཁོད་སྙོམས་པ་དང་གཙང་སྦྲ་ལྡན་པའི་ཨར་འདམ་ལམ་ཡང་ཁྱིམ་ཚང་ཚང་མའི་སྒོ་རྩ་བར་བཟོས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པའི་རྣམ་པ་ཞིག་མིག་ལམ་དུ་འཆར།

    1969ལོར་སྐྱེས་པའི་ཨ་རུ་གྲོང་ཚོའི་ཚུན་ཀྲང་དགྲ་འདུལ་གྱིས་ཕ་ཡུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གི་དཔང་པོ་བྱེད་བཞིན་དུ“རྒན་རབས་པ་ཚོས་སྤྱི་ཚོགས་རྙིང་པར་ཞིང་བྲན་རྣམས་ལྟོས་གྲོས་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པར་རྟ་ཟོག་སེམས་ཅན་ལྟར་གྱི་འཚོ་བ་སྐྱེལ་དགོས་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཚང་མར་ས་ཞིང་བགོ་བཤའ་རག་པ་མ་ཟད། ཏང་གི་སྣེ་ཁྲིད་འོག་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་སྐོར་བརྗོད་མྱོང་ཡོད”ཅེས་བཤད།

    ད་ཆ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས། དགྲ་འདུལ་གྱིས་འགྱུར་ལྡོག་ཆེ་ཤོས་ནི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དེ་རེད་ཅེས་བརྗོད།

    1988ལོར་ས་གནས་འདི་གའི་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ཏེ། རུ་ཐོག་རྫོང་ར་བང་ཤང་རྩྭ་ཕུག་གྲོང་ཚོའི་དུད་ཚང་30ཡི་མང་ཚོགས་100ལྷག་ཙམ་དུང་རུ་ཤང་ཨ་རུ་གྲོང་ཚོར་གནས་སྤོ་བྱས། སྐབས་དེ་དུས་ལོ་19ལ་སླེབས་པའི་དགྲ་འདུལ་ཕ་མ་དང་མཉམ་དུ་སོ་ཕག་གི་ཁང་པའི་ནང་སྡོད་པ་དང་ཐོག་སྟེང་དུ་ལྕུག་ཕྲན་དང་རྩྭ་སྐམ་པོས་བཀབ་པའི་སྡོད་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་བཅུ་ལྷག་ཙམ་ལས་མེད།

    2008ལོར་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པར་བརྟེན་དགྲ་འདུལ་གྱི་ནང་མི་རྣམས་སྨི་ངོས་གྲུ་30ལྷག་ཙམ་ཡོད་པའི་ཨར་འདམ་ལྕགས་རྩིབས་མའི་བདེ་སྡོད་ཁང་པར་སྤོས། “ཁང་པ་ཧ་ཅང་སྐྱིད་པོ་འདུག”ཅེས་དགྲ་འདུལ་གྱིས་དགའ་སྤྲོའི་ངང་བཤད།

    ཉེ་བའི་ལོ་ཤས་རིང་། ཨ་རུ་གྲོང་ཚོས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་རྒྱུན་མཐུད་ངང་སྤེལ་བར་བརྟེན་དུད་ཚང་42སྒར་རྫོང་བདེ་སྐྱིད་གྲོང་གསར་དུ་སྤོས་པ་དང་དུད་ཚང་39རུ་ཐོག་རྫོང་གྲོང་དུ་སྤོས་ཡོད། ཕྱིས་སུ་ཨ་རུ་གྲོང་ཚོས་2022ལོར་སླར་ཡང་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱས་ཤིང་། དགྲ་འདུལ་ཁྱིམ་ཚང་ཚུད་པའི་དུད་ཚང་90ཚང་མ་ད་ཆའི་གྲོང་གསར་ལྕགས་སྒང་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད།

    ཨ་རུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་མའེ་ཆང་གིས་གྲོང་ཚོ་གསར་པ་སྐྲུན་རིང་གནས་སྤོས་སྡོད་ཁང་ཚད་གཞི་མཐོ་པོས་འཆར་འགོད་དང་། ལག་བསྟར། འཛུགས་སྐྲུན་བཅས་བྱས་ནས་གནས་སྤོའི་ཁང་པ་91གསར་དུ་བསྐྲུན་པ་དང་གནས་སྤོས་ས་ཚིགས་ལ་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་ཚང་མར་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ད་ཆ་ཨ་རུ་གྲོང་ཚོའི་མང་ཚོགས་སྡོད་ཁང་གསར་པར་སྤོས་ནས་བདེ་སྡོད་ལྡན་པའི་འཚོ་བའི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་ཕྱུག་འགྱུར་གྱི་ཐབས་ལམ་ཇེ་ཡངས་སུ་ཕྱིན་ཡོད། ན་ནིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གིས་སྒོར་ཁྲི་107.4བགོ་འགྲེམས་བརྒྱབ་པ་དང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ལས་བརྒལ་ཏེ་ཨ་རུ་གྲོང་ཚོའི་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།