དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རང་ལྗོངས་ཀྱིས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་སློབ་གསོའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་བཏང་བ།

    ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བར་དམིགས་ཏེ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    2023ལོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་400མངགས་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་རོགས་སྐྱོར་བྱས་པ་དང་། བོད་སྐྱོར་ཚོགས་པ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ལས་ཀའི་གཙོ་རྐང་དུ་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་རིང་ཚད་བརྒལ་ཡོང་བ་དང་སློབ་ཁྲིད་གསར་གཏོད་བྱེད་རིང་མདུན་སྐྱོད་མཐའ་འཁྱོངས་ཀྱིས་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་རང་རྟེན་ནུས་པ་ཆེ་རུ་བཏང་བ་དང་། “སློབ་གྲྭ་གཅིག་ལ་རོགས་སྐྱོར་བྱས་ཏེ་ས་ཁུལ་གཅིག་ལ་མིག་དཔེ་སྟོན་པའི”དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ཏེ། རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་རྨང་གཞིའི་སློབ་གསོའི་ཆུ་ཚད་ལ་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་ཡོང་བར་སྐུལ་འདེད་བཏང་བ་རེད།

    ཁ་གཏད་རོགས་སྐྱོར་བྱས་ནས་སློབ་གསོའི་བོད་སྐྱོར་གྱི་དུས་མཚམས་གསར་པ་འགོ་བཙུགས་པ།

    2019ལོར་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དེ་ཀྲུང་དབྱང་གི་ལས་བྱེད་ཤེས་ལྡན་པའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་མ་ལག་ནང་བཅུག་སྟེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་17དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཁོངས་གཏོཌ་སློབ་གྲྭ་འབྲིང་ཆུང་8ནས་དགེ་རྒན་400བོད་དུ་མངགས་ཏེ། བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་གཅིག་སྡུད་རོགས་སྐྱོར་བྱས་ནས། སློབ་གསོའི་བོད་སྐྱོར་གྱི་དུས་མཚམས་གསར་པ་འགོ་བཙུགས་པ་རེད།

    སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། 2023ལོའི་ཟླ་8ཚེས་7ཉིན་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་སློབ་གསོ་པུའུ་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། པུའུ་དང་རང་སྐྱོང་ལྗོངས་དབར་གྱི་འཐབ་ཇུས་མཉམ་ལས་ཀྱི་ལམ་སྲོལ་གསར་པ་གང་མགྱོགས་བཙུགས་ཏེ་སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་ཡོད། ཟླ་བ་9པར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་བརྟག་ཞིབ་བྱས་པ་མ་ཟད། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་དགེ་རྒན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། བོད་སྐྱོར་དགེ་རྒན་གྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་མ་ཟད་བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་ཐབས་འདོན་ཇུས་འབུལ་བྱས་པ་རེད། 2023ལོར“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། རེས་སྐོར་གསར་པའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་400ལ་ཡོངས་ཁྱབ་ཀྱི་གསོ་སྦྱོང་བྱས་པ་རེད།

    སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་ལས་གནས་ཐོག་མ་ཞུགས་གོང་གི་གསོ་སྦྱོང་ཚོགས་འདུ་ནས་ལས་འགན་ཁག་བགོས་ཞིབ་ཕྲ་བཟོ་བ་དང་དཔྱད་ཞིབ་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ་སོགས་ཀྱི་བར། རང་ལྗོངས་ཀྱིས་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གོ་རིམ་ལྡན་པའི་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

    ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བར་དམིགས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་གཞི་ལོན་པའི་ཤུལ་འཛིན་པ་གསོ་སྐྱོང་བྱས་པ།

    མི་སྐྱོང་རྩ་བར་འཛིན་པ་དང་ཀུན་སྤྱོད་སློབ་གསོ་སྔོན་ལ་སྤེལ་ཞིང་། གཞོན་ནུ་ལོ་ཆུང་གི་སེམས་ནང་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ། བཟང་བཀུར་དགེ་ཕྱོགས་བཅས་ཀྱི་ས་བོན་ཞིག་འདེབས་རྒྱུ་དེ་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་ཡོད།

    2023ལོར་རང་ལྗོངས་ཀྱི་བོད་སྐྱོར་ཚོགས་པ་ཁག་གིས“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་སློབ་གསོའི་རྩ་བའི་གནད་དོན་ལ་དམ་པོར་དམིགས་པ་དང་། “ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི”རྩ་བའི་ལས་འགན་ལ་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཐད་ཀྱི་རྩ་བ་གཅིག་པ་དང་ཁུངས་གཅིག་པ་སྔོག་འདོན་གཏིང་ཟབ་བྱས་ཤིང་། བོད་སྐྱོར་ཚོགས་པ་ཁག་གིས་རིམ་རྩིས་བྱས་ན་ཁག་ཐེངས་28ལ་བགོས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྱོན་770ལྷག་ཙམ་རོགས་སྐྱོར་བྱ་ཡུལ་ཞིང་ཆེན་དང་གྲོང་ཁྱེར་དུ་དབྱར་སྒར་དང་། ཟབ་སྦྱོང་། སྤྱི་ཚོགས་ཀྱི་ལག་ལེན་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད། “དཔེ་སྟོན་སློབ་ཚན”དང་། “འདེམས་སྦྱོང་སློབ་ཚན” “རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བརྗོད་དོན་གཙོ་བོའི་གཏམ་བཤད” “འབྲས་ཆན་གྱི་དྲི་ཞིམ་འཐུལ་བའི་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ། མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་རྣམ་པ་སྣ་ཚོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ནས། མཐུན་སྒྲིལ་གྱི་རྩ་བ་དམ་པོར་བཟུང་བ་དང་ཀུན་སེམས་གཅིག་ཏུ་བསྒྲིལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྲུ་གུ་ཚང་མས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་ཐུབ་པར་བྱས་པ་རེད།

    བློ་གྲོས་དང་བླ་སྲོག་བཏོད་དེ་བྱང་ཚད་མཐོ་བའི་སློབ་གསོའི་ཤེས་ལྡན་པའི་དཔུང་ཁག་བཏོད་པ།

    སློབ་མ་བཟང་པོ་ཞིག་གསོ་སྐྱོང་བྱེད་པར་སྔོན་ལ་དགེ་རྒན་བཟང་པོ་ཞིག་གསོ་སྐྱོང་བྱེད་དགོས། དེས་ན་སློབ་མ་གསོ་སྐྱོང་བྱེད་པ་དང་ཆབས་ཅིག་བོད་སྐྱོར་དགེ་རྒན་ཚང་མས་ད་དུང་བརྒྱུད་རོགས་ཁྲིད་གསུམ་གྱི་འགན་འཁྲི་ཁུར་ཏེ། “གཞན་རྟེན”ནས“རང་རྟེན”དུ་གྱུར་པའི་ཕུལ་བྱུང་དགེ་རྒན་གསོ་སྐྱོང་བྱས་ནས། ས་གནས་དེ་གའི་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་ཡོད།

    2023ལོར་རང་ལྗོངས་ཀྱིས་བོད་སྐྱོར་དགེ་རྒན་དང་ས་གནས་དེ་གའི་དགེ་རྒན་གྱིས་སློབ་ཁྲིད་ཀྱི་འཆར་གཞི་མཉམ་དུ་བཟོ་བ་དང་སློབ་ཁྲིད་ཀྱི་ལས་འགན་མཉམ་དུ་འཁུར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། དགེ་རྒན་དབར་སྤེལ་རེས་གཏིང་ཟབ་བྱེད་པ་དང་མཉམ་དུ་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་བས། ས་གནས་དེ་གའི་དགེ་རྒན་གྱི་ཆེད་ལས་བྱང་ཚད་དང་སློབ་ཁྲིད་འཇོན་ཐང་ཆེ་རུ་ཕྱིན་ཡོད།

    དགེ་རྒན“ཕྱིར་སྐྱོད་པའི”གསོ་སྦྱོང་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལོ་ལྟར་ལྗོངས་ནང་ཁུལ་གྱི་རྐང་འཛིན་དགེ་རྒན་200ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)དུ་ལས་ཐོག་གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་མངགས་པ་དང་། རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་གསོ་སྦྱོང་གི་འཆར་གཞི་ཞིབ་ཚགས་བཟོས་པ། གྲགས་ཅན་སློབ་གྲྭ་དང་དགེ་རྒན་གྱི་གསོ་སྦྱོང་ཐོན་ཁུངས་བཀོད་སྒྲིག་བཅས་བྱས་པ་དང་། “བརྒྱུད་རོགས་ཁྲིད་གསུམ”ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་བོད་སྐྱོར་དགེ་རྒན་ཚོགས་པས་ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་ཧུར་ཐག་སྤེལ་བ་དང“གཅིག་གཏད་གཅིག”དང“མང་གཏད་གཅིག”སོགས་ཀྱི་ཆ་སྒྲིག་བྱེད་སྟངས་ལ་བརྟེན་ནས། ས་གནས་དེ་གའི་དགེ་རྒན་677དང་ཚོགས་པ་86ལ་ཆ་སྒྲིག་རོགས་སྐྱོར་བྱས་ཡོད།

    གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ། ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་བོད་སྐྱོར་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་དང་སྤུས་ཚད་ལེགས་སུ་འགྲོ་བར་སྔར་བས་སྐུལ་ཁྲིད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།