དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོངས་ལ་ཉེ་བ་ནས་རྒྱུན་དུ་མཐོང་བའི་བར།

    རི་དྭགས་གནའ་བའི་གྲངས་འབོར་མང་དུ་ཕྱིན་པ་ལས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གྲུབ་འབྲས་ཀྱི་དཔང་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། རི་དྭགས་གནའ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་ཏེ་མི་དང་རི་སྐྱེས་སྲོག་ཆགས་ཞི་མཐུན་མཉམ་གནས་ཀྱི་བསམ་འདུན་རིམ་བཞིན་མངོན་འགྱུར་བྱུང་ཡོད།

    ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་བབས་ཆུ་ཚན་ཉེ་འགྲམ་གྱི་བྲག་རིའི་སྟེང་ནས་གྲུང་ཤ་དོད་པའི་གནའ་བ་ཁྱུ་གཅིག་པར་རྒྱག་ཐུབ་བྱུང་། གནའ་བ་དེ་དག་གཡང་གཟར་བྲག་རིའི་སྟེང་ཕར་མཆོང་ཚུར་མཆོང་བྱེད་བཞིན་བདེ་ལྕག་ཧ་ཅང་འཁྱུག

    ལྷ་བབས་ཆུ་ཚན་གྱི་འགན་འཁུར་བ་ཚེ་རིང་ནོར་བུས་གསར་འགོད་པར། ང་ཚོས་རི་སྐྱེས་སྲོག་ཆགས་དེ་དག་དང་མཉམ་དུ་འཚོ་བ་སྐྱེལ་རྒྱུ་གོམས་འདུག་ལ། དེ་དག་འཚོ་སའི་ཁོར་ཡུག་ལ་བརྩི་འཇོག་དང་། འགྲོ་སྐྱོད་ལ་འགོག་རྐྱེན་མི་བཟོ་བ་དང་ཆབས་ཅིག རྔོན་རྒྱག་པ་སོགས་ཀྱི་འཇིགས་སྐུལ་མི་ཕོག་པ་བྱེད་ཀྱི་ཡོད་ཅེས་བཤད།

    གནའ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་ལ། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁུལ་དུ་རྩྭ་རྩི་ཤིང་ཟས་སུ་བྱས་ནས་འཚོ་སྡོད་བྱེད་ཀྱི་ཡོད། སྔོན་ཆད་མིའི་རིགས་ཀྱི་འགུལ་སྐྱོད་སོགས་ཀྱིས་རྐྱེན་པས་གནའ་བའི་གྲངས་འབོར་ཉུང་དུ་ཤུགས་ཆེན་ཕྱིན་ཡོད།

    ད་ཆ་བོད་དུ་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས། མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་ཡོད་ལ། གནའ་བའི་འཚོ་སྡོད་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད། ས་གནས་ཁག་གི་སྲིད་གཞུང་གིས་ཀྱང་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་གནའ་བ་སོགས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད།

    གྲངས་གཞི་ལས་མངོན་པར། བོད་ཀྱི་སྲུང་སྐྱོང་སྲོག་ཆགས་རིགས་མང་ཆེ་བའི་གྲངས་འབོར་སླར་གསོ་ཐུབ་ནས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། གཙོད་ཀྱི་གྲངས་འབོར་དུས་རབས་གོང་མའི་ཉུང་ཤོས་སྐབས་ཀྱི་ཁྲི་7ནས་ད་ཆའི་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་པ། འབྲོང་གི་གྲངས་འབོར་དུས་རབས་གོང་མའི་སྟོང་ཕྲག་ཁ་ཤས་ནས་ད་ཆའི་ཁྲི་2ལྷག་ཙམ་ཟིན་པ། གཞན་ཡང་གནའ་བ་དང་། གསའ། གཉན་སོགས་རི་སྐྱེས་སྲོག་ཆགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། རི་སྐྱེས་རྩི་ཤིང་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་གྱི་གདོད་མའི་རང་བྱུང་རྣམ་པ་སྤྱིར་ན་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།