སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་ཚུར་ལན་ལས་དོན་ལེགས་གྲུབ་ཟིན་པ།
ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་ཚུར་ལན་ལས་དོན་ཉེ་ཆར་ཚང་མ་ལེགས་གྲུབ་ཟིན་ཞིང་། རེས་སྐོར་འདིའི་སྐོར་གཟིགས་ཚུར་ལན་ལས་དོན་དེ་གཅིག་སྡུད་ཚུར་ལན་དང་སྐོར་གཟིགས་ཚོགས་ཆུང་གི“གཅིག་གཏད་གཅིག”གི་ཚུར་ལན་ཟུང་དུ་འབྲེལ་བའི་བྱེད་ཐབས་ཐོག་ནས་སྤེལ་བ་རེད།
ཟླ་3ཚེས་25ཉིན། ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་གཅིག་གི་སྡུད་ཚུར་ལན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ཡོངས་ཁྱབ་ཀྱི་གནད་དོན་བརྡ་ཁྱབ་བཏང་བ་དང་འབྲེལ། སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་སྐོར་བཀོད་སྒྲིག་ཀྱང་བྱས་པ་རེད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཅིན་གོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཟླ་3ཚེས་26ཉིན་ནས་ཚེས་29ཉིན་བར། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་15ཡིས་ཁག་སོ་སོར་རེས་སྐོར་འདིའི་སྐོར་གཟིགས་བྱ་ཡུལ་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་27དང་འགན་ནུས་སྡེ་ཚན་6གི་ཏང་ཨུད(ཏང་ཙུའུ)ལ“གཅིག་གཏད་གཅིག”གི་ཐབས་ལམ་ཐོག་ནས་ཚུར་ལན་སྤྲད་པ་རེད། ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་བཀོད་སྒྲིག་ལྟར། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་ཁག་གིས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོར་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་བརྡ་ཁྱབ་བཏང་བ་དང་འབྲེལ། འགོ་ཁྲིད་ཚན་ཁག་ལ་སྐོར་གཟིགས་གནས་ཚུལ་ཚུར་ལན་ཡང་སྤྲད་པ་རེད།
ཚུར་ལན་ནང་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་འཕེལ་རྒྱས་གསར་པ་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་དང་། ཚན་རྩལ་ཡར་ཐོན། དམངས་འཚོ་འགན་ལེན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གཙོ་གཉེར་ལྟ་འདོམས་ཀྱི་འགན་འཁྲི་ཁུར་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་ཡོད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཚུར་ལན་ནང་སྐོར་གཟིགས་བྱ་ཡུལ་གྱི་ཏང་རྩ་འཛུགས་ལ་གནས་པའི་གནད་དོན་བསྟན་ཡོད་ཅིང་། ཁག་གཅིག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཧེ་བག་ཡོད་པ་དང་། ལས་དོན་གཙོ་བོའི་འཕེལ་རྒྱས་ལ་དམིགས་རྒྱུ་མི་འདང་བ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཞན་པ། ཁོངས་གཏོགས་ཁེ་ལས་ལ་དོ་དམ་དང་ཚོད་འཛིན་ཡག་པོ་མི་ཐུབ་པ། ཉེན་ཁ་སྔོན་འགོག་དང་སེལ་བའི་ནུས་པ་མི་འདང་བ་བཅས་ཀྱི་གནད་དོན་ཡོད་པ་དང་། འགའ་ཞིག་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བ་དང་། འགག་རྩའི་ལས་གནས་དང་ཁྱབ་ཁོངས་གཙོ་བོ་ཁག་གཅིག་ཏུ་སྤྱོད་གཙང་མེད་པའི་ཉེན་ཁ་མངོན་གསལ་དོད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཡང་ཡང་ཐོན་པ་བཅས་ཀྱི་གནད་དོན་ཡོད་པ། འགོ་ཁྲིད་ཚན་པ་ཁག་གཅིག་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཞན་ཆ་གནས་པ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཅུང་ཞན་པའི་གནད་དོན་ཡོད་པ་བཅས་རེད།
ཚུར་ལན་ནང་བླང་བྱ་བཏོན་དོན། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་པ། བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིག་བརྟན་པོར་འཛུགས་པ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་ནས་ཉེན་ཁ་སྔོན་འགོག་དང་སེལ་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ནན་པའི་དགོངས་གཞི་དང་། ནན་པའི་བྱ་ཐབས། ནན་པའི་རྣམ་པ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། རིམ་པ་ཁག་གི“གཙོ་འགན་འཁུར་མཁན”ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། “ཁེ་བསྙེས་ཁེ་ཟར”ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། རྒྱུན་སྲིང་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། རུལ་སུངས་ཀྱི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ། རུལ་སུངས་ཐོན་སའི་རྐྱེན་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་བ་བཅས་བྱེད་དགོས། འགོ་ཁྲིད་ཚན་པ་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་པའི་འགོ་ཁྲིད་ནུས་པ་དང་། དཔུང་ཁག་གི་འཐབ་འཛིང་ནུས་པ། ཤེས་ལྡན་པའི་གསར་གཏོད་ནུས་པ་བཅས་ཁེ་ལས་འཕེལ་རྒྱས་གཏོང་བའི་རྒྱུན་མཐུད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས།
ཚུར་ལན་ནང་ནན་བཤད་བྱས་དོན། སྐོར་གཟིགས་བྱེད་རིང་གནད་དོན་ཤེས་རྟོགས་བྱེད་པའི་དམིགས་ཡུལ་ནི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་དག་ཐེར་ལ་དམ་འཛིན་བྱེད་པ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་སྒྲུབ་པ་བཅས་ཡིན་པའི་ངོས་འཛིན་གང་ལེགས་བྱེད་དགོས།