ལས་མི་5ལས་མེད་པའི་མཉམ་ལས་ཁང་གིས་རྨོ་ཞིང་མུའུ་ཁྲི་1.5ཡི་ཚབ་གཉེར་འདེབས་འཛུགས་ཀྱི་ལས་འགན་སྒྲུབ་པ།
ཞིང་འཕྲུལ་ཉོ་བར་ཁ་གསབ་ཡོད་པས་རྨོ་འདེབས་ཀྱི་ལས་ཕྱོད་ཆེ་རུ་ཕྱིན།
ཧྲན་ཏུང་ལེ་ལིང་གྲོང་ཁྱེར་ཞིང་འཕྲུལ་ཚོང་ས་ཞིག་ཏུ་ཚོང་པས(གཡས)ཞིང་པར་ཞིང་འཕྲུལ་ངོ་སྤྲོད་བྱེད་བཞིན་པ།
ཧྲན་ཏུང་ལེ་ལིང་གྲོང་ཁྱེར་ལའེ་ཆིའུ་ཞིང་འཕྲུལ་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་དུ་ལས་མིས་ཞིང་འཕྲུལ་ཉམས་བཟོ་བྱེད་བཞིན་པ།
དཔྱིད་དཔལ་རིམ་བཞིན་རྒྱས་པ་དང་བསྟུན་ནས་ཞིང་འཕྲུལ་བྲིན་ཁ་རྒྱུག་ཤོས་ཀྱི་དུས་སུ་སླེབས། ཧྲན་ཏུང་ལེ་ལིང་གྲོང་ཁྱེར་ཧྲེང་ལུང་ཞིང་འཕྲུལ་ཚད་ཡོད་ཀུང་སིའི་སྒོ་རར་ཞིང་འཕྲུལ་གྲལ་སྟར་འགྲིག་པོས་བཞག་ཅིང་། མི་ཞིག་གིས་ཞིང་འཕྲུལ་ལ་ཞིབ་པར་ལྟ་ཞོར་དུ“རྟ་ཤུགས་ཆེ་ཆུང་ཡོད་དམ། བཙོངས་རྗེས་ཀྱི་ཞབས་ཞུ་གང་འདྲ་ཡོད་དམ། སྤུས་གོང་བསྡུར་རིན་ཆོག་གམ”ཞེས་དྲིས།
ལས་དོན་པས་ཞིང་འཕྲུལ་སྟེང་འཛེགས་ནས“ཁྱེད་རང་དངོས་གནས་གཟིགས་མཁས་པོ་འདུག གཞུང་མདའ་བརྔ་བསྡུ་འཕྲུལ་འཁོར་འདིའི་རྟ་ཤུགས་ཆེ་བས་ལས་ཕྱོད་ཀྱང་མཐོ་བ་ཡོད། གྲོ་ཚགས་རྒྱག་པར་ལས་ཕྱོད་མཐོ་པོ་ཡོད་ལ་འབྲུ་རིགས་འཕྲོ་བརླག་མི་འགྲོ་བ་དང་། ད་དུང་ཕྱིར་བཤོལ་གྱི་བརྙན་ཤེལ་དང་ཕྱོགས་བཞིའི་གློག་མིག་ཀྱང་ཡོད་པས་ཧ་ཅང་བྲིན་པོ་འདུག”ཅེས་བཤད།
“ད་བྱས་ན་འདི་རང་ཡིན”ཞེས་ཉོ་མཁན་དེ་ནི་ཧྲེང་ལུང་ཞིང་འཕྲུལ་ཀུང་སིའི་ཚོང་ཤག་རྙིང་པ་ཐན་ཡུང་ཡིན་ཞིང་། ཁོང་ནི་ལེ་ལིང་གྲོང་ཁྱེར་གྱི་ཞིང་འཕྲུལ་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་ཞིག་གི་འགན་འཁུར་བ་ཡིན་པ་དང་། ད་རེས་ད་དུང་ཁ་ལོ་བ་མི་དགོས་པའི་ཐོ་ཕྲུག་སོགས་ཞིང་འཕྲུལ་9ཉོས་པ་རེད།
“ཞིང་འཕྲུལ་ཉོ་བར་དངུལ་མང་པོ་འགྲོ་ཡི་འདུག སྟབས་ལེགས་པ་ཞིག་ལ་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་ཡོད”ཅེས་ཐན་ཡུང་གིས་ཁ་པར་གྱི་ཟིན་ཐོ་གསར་འགོད་པར་བསྟན་ནས“ད་གིན་ཉོས་པའི་ཞིང་འཕྲུལ་རེ་རེའི་རིན་གོང་ཚང་མ་སྒོར་ཁྲི་20ཙམ་ཡིན་པ་དང་། འཕྲུལ་ཆས་རེར་ཁ་གསབ་སྒོར་ཁྲི་4ཙམ་འདུག་པས་རྩིས་བརྒྱབ་ན་ཞིང་འཕྲུལ་10ཉོས་པར་སྒོར་ཁྲི་30ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་པས་ཉོ་རིན་འདུག”ཅེས་བཤད།
ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ནི་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཀྱི་ནང་དོན་གལ་ཆེན་ཞིག་རེད། ལེ་ལིང་གྲོང་ཁྱེར་ཞིང་ལས་འཕྲུལ་ཆས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥན་ཧུང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཧྲན་ཏུང་གིས་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ནས་མ་དངུལ་ལུགས་མཐུན་ངང་བགོ་བཤའ་རྒྱག་པ་དང་། སྲིད་ཇུས་ལག་བསྟར་གྱི་ཕན་འབྲས་གང་ལེགས་འདོན་པ། ཞིང་པས་ཞིང་འཕྲུལ་ཉོ་བ་དང་སྤྱོད་པའི་ཧུར་སེམས་སྐོང་འཐེན་བྱེད་པ་བཅས་བྱས་ཏེ་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་མཐོ་རུ་བཏང་བ་རེད།
ཁ་གསབ་གནད་སྨིན་སྤྲོད་ཐུབ་ཀྱི་ཡོད་དམ་ཞེ་ན། ཧྥན་ཧུང་ཅུན་གྱིས“ང་ཚོས་ཁ་གསབ་ཀྱི་རེ་འདུན་བདག་སྤྲོད་དང་མ་དངུལ་དུས་བཀག་ལྟར་སྤྲོད་པ་ཁྱབ་གདལ་གཏོང་གི་ཡོད” ཞིང་འཕྲུལ་སྡེ་ཚན་གྱིས་གཉེར་བའི་དུས་བཀག་སྤྱིར་བཏང་ལས་ཀའི་ཉིན་མོ་21ལས་མི་བརྒལ་བ་དང་ནོར་སྲིད་སྡེ་ཚན་གྱིས་གཉེར་བའི་དུས་བཀག་སྤྱིར་བཏང་ལས་ཀའི་ཉིན་མོ་28ལས་མི་བརྒལ་བར་ཁ་གསབ་མ་དངུལ་ལ་མཆན་བཀོད་བཀའ་ལན་ཐོབ་འཕྲལ་ཞིང་པར་ཐད་ཀར་སྤྲོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
དེང་སྐབས་ཞིང་འཕྲུལ་གང་ཞིག་བྲིན་ཁ་རྒྱུག་གམ་ཞེ་ན། “ཁྱེད་རང་ཞིང་ནང་དུ་ལྟ་བར་ཕེབས་དང”ཞེས་ཐན་ཡུང་གིས་གསར་འགོད་པ་ཁྲིད་དེ་ཀྲེང་ཏན་གྲོང་རྡལ་ལི་ཅཱ་གྲོང་ཚོར་བསྐྱོད་ཅིང་། ཞིང་ནང་ནས་འཕྲུལ་འཁོར་གྱི་སྒྲ་འུར་འུར་གྲགས་ཤིང་། མཁའ་དབྱིངས་སུ་མི་མེད་གནམ་གྲུ་ཕར་ཚུར་འཕུར་བར་གྲོང་མི་ལི་པིན་ཀྲུང་འགྲམ་དུ་ལྟ་བཞིན་འདུག
ལི་པིན་ཀྲུང་གིས“ད་ཆ་ཞིང་འཕྲུལ་རིག་ནུས་ཅན་དུ་གྱུར་ནས་ཁ་པར་ནས་བཀོལ་སྤྱོད་བྱེད་ཐུབ། ང་དང་བཟའ་ཟླ་ལོ་ན་མཐོ་བ་དང་ཕྲུ་གུ་ཚང་མ་གཞན་ཡུལ་དུ་ལས་ཀར་ཡོད། འཕྲུལ་ཆས་གསར་པ་སྤྱོད་མི་ཤེས་པས་ཞིང་ཁ་དེ་དག་ལ་གཡོག་བྱེད་ཐུབ་ཀྱི་མི་འདུག ད་ལོ་མཉམ་ལས་ཁང་ལ་ཚབ་གཉེར་དུ་སྤྲད་པས་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བཤད།
ཐན་ཡུང་གི་མཉམ་ལས་ཁང་ལ་གཏན་འཇགས་ཁོངས་མི་5ལས་མེད་ཀྱང་། ཚབ་གཉེར་གྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་1.5ཡོད་པ་རེད། ཐན་ཡུང་གིས“ཞིང་འཕྲུལ་གྱིས་ཕན་ཆེན་པོ་འདོགས་པས་ལས་ཕྱོད་ཆེན་པོ་འདུག ལྗིད་ཚད་སྤྱི་རྒྱ་60ཡོད་པའི་མི་མེད་གནམ་གྲུ་ཞིག་གིས་ཉིན་གཅིག་ལ་ས་ཞིང་མུའུ་1000ལ་བདག་སྐྱོང་བྱེད་ཐུབ་ཀྱི་ཡོད། ལས་བྲེལ་ཆེ་དུས་ཞིང་འཕྲུལ་བཀོལ་སྤྱོད་པ་གླས་ན་འགྲིག”མཉམ་ལས་ཁང་གི་ཞབས་ཞུར་ཡང་ཞིང་འཕྲུལ་གྱི་ལས་སྒྲུབ་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་བྲིན་ཚོང་ནས་འབབ་འཕར་ཚབ་གཉེར་དང་། བརྒྱུད་རིམ་ཧྲིལ་པོར་ཚབ་གཉེར། མངགས་ཐོ་ཚབ་གཉེར་སོགས་རྣམ་པ་སྣ་ཚོགས་བར་རྒྱ་སྐྱེད་བཏང་ཡོད་ཅེས་བཤད།
ལེ་ལིང་གྲོང་ཁྱེར་གྲོང་གསེབ་དཔལ་འབྱོར་གཉེར་སྐྱོང་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཤའོ་ཝུན་ཡུང་གིས“མིག་སྔར། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་800ལྷག་ཙམ་ཟིན་པ་དང་ལོ་རེར་ཞབས་ཞུའི་རྒྱ་ཁྱོན་མུའུ་ཐེངས་ཁྲི་700ལྷག་ཙམ་ཟིན་ནས་ཞིང་དུད་ཆུང་གྲས་ཁྲི་7ལྷག་ཙམ་ལ་ཞབས་འདེགས་ཞུ་གི་ཡོད” ས་གནས་དེ་གའི་ཞིང་ལས་སྐྱེ་དངོས་གཙོ་བོ་འདེབས་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་99.8%ལྷག་ཟིན་ཡོད་ཅེས་ངོ་སྤྲོད་བྱས། གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ཧྲན་ཏུང་ཞིང་ཆེན་གྱིས་ཞིང་འཕྲུལ་ཉོ་བ་དང་བཀོལ་སྤྱོད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་19.3ཚང་མ་དོན་འཁྱོལ་བྱས་ནས་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་ཞིང་འཕྲུལ་དང་ལག་ཆ་ཁྲི་22.1ཉོ་བར་རྒྱབ་སྐྱོར་བྱས་ཏེ་སྒོར་དུང་ཕྱུར་97གཏོང་རྒྱུར་སྐུལ་ཁྲིད་བྱས་པས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་91%ལྷག་ཙམ་ཟིན་ཡོད་པ་རེད།