བོད་ལྗོངས་མཁའ་འགྲུལ་གྱིས་དབྱར་སྟོན་དུས་ཚིགས་སུ་འཕུར་སྐྱོད་ལམ་ཐིག་110ལྷག་ཙམ་བར་མང་དུ་གཏོང་རྩིས་ཡོད་པ།
ཟླ་3ཚེས་28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ། ཨང་གྲངས་B-32E6གི་མཁའ་གྲུ་A319Neoའགྲུལ་སྐྱེལ་གནམ་གྲུ་ཁྲེང་ཏུར་བདེ་བླག་ངང་འབྱོར་ནས། 2024ལོའི་བོད་ལྗོངས་མཁའ་འགྲུལ་གྱིས་དབྱར་སྟོན་དུས་ཚིགས་སུ་འཕུར་སྐྱོད་འགན་ལེན་བྱེད་པར་སྒུལ་ཤུགས་གསར་པ་བསྣན་ཡོད། མིག་སྔའི་བར་བོད་ལྗོངས་མཁའ་འགྲུལ་གྱིས་A319Neoཡི་གནམ་གྲུ་ཁག་5ནང་འདྲེན་བྱས་ནས། ཤིས་ཨན་ནས་ཧྲེན་དབྱང་བར་དང་ཤིས་ཨན་ནས་ནན་ཅིང་བར་སོགས་ཀྱི་ལམ་ཐིག་ལ་སྔ་རྗེས་སུ་སྤྱད་དེ། A319Neoགནམ་གྲུ་ས་མཐོར་འཕུར་སྐྱོད་ཐུབ་པར་ཉམས་མྱོང་བསགས་པ་དང་། གནམ་གྲུའི་རུ་ཁག་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་འཕུར་སྐྱོད་མཐུན་སྦྱོར་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་དབྱར་སྟོན་དུས་གཏན་གནམ་གྲུའི་དུས་ཚིགས་བརྗེ་ཉེར་ཡོད་པས། བོད་ལྗོངས་མཁའ་འགྲུལ་གྱིས་འཆར་གཞི་ལྟར་ན། ཡུན་ཁྲེང་དང་ཝུའུ་ཧུའུ་སོགས་གྲོང་ཁྱེར་གྱི་མཁའ་ལམ་ས་ཚིགས་མང་དུ་གཏོང་རྩིས་ཡོད་པ་དང་། རྒྱལ་ནང་གི་འཕུར་སྐྱོད་ལམ་ཐིག་110ལྷག་ཙམ་བར་མང་དུ་བཏང་སྟེ་རྒྱལ་ནང་གི་གྲོང་ཁྱེར་45ཙམ་ལ་ཁྱབ་པར་བྱ་རྒྱུ་དང་། འཕུར་སྐྱོད་ལམ་ཐིག་18མང་དུ་དང་སླར་གསོ་བྱ་རྒྱུ་རེད། ཤིས་ཨན་ནས་ནན་ཐུང་བར་དང་། ཏ་ལི་ནས་ནན་ཅིང་བར། ཁུན་མིང་ནས་ཡུན་ཁྲེང་བར། ཁྲེང་ཏུའུ་ནས་ཝུའུ་ཧུའུ་དང་ཆིང་ཏའོ་བར་སོགས་ཀྱི་འཕུར་སྐྱོད་ལམ་ཐིག་ཐོག་མ་ཤར་གཏོང་ཐུབ་ནས། འཕུར་སྐྱོད་ལམ་ཐིག་གི་དྲ་རྒྱ་གསར་སྤེལ་དང་དེ་བཞིན་དུས་གཏན་གནམ་གྲུའི་འཕུར་སྐྱོད་སྐྱེལ་འདྲེན་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།