2023ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན།
མཉམ་ལས་དམ་ཟབ་བྱས། མཛའ་གཅུགས་ཟབ་ཏུ་བཏང་།
འདི་ནི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའི་གཟེངས་རྟགས་ཡིན་པ། (ཀྲོང་ཞའོ་ཧྲུའུ་ཡིས་པར་བླངས)
ཕི་ཐེ·ཧེར་མན། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས)
སྒོ་དབྱེའི་ཀྲུང་གོས་འཛམ་གླིང་ས་གནས་ཁག་གི་ཤེས་ལྡན་པར་དགའ་བསུ་ཞུ་བཞིན་ཡོད། མི་རིང་བའི་གོང་2023ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད།
རྒྱལ་ཁབ་26ནས་ཡོང་བའི་ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་50ལ་བྱ་དགའ་ཐོབ་པ་རེད། ཉེ་དུས་འདི་ག་ཚགས་པར་གྱི་གསར་འགོད་པས་བྱ་དགའ་ཐོབ་མཁན་ཁག་གཅིག་ལ་བཅར་འདྲི་བྱས་ནས་ཁོང་ཚོ་ཀྲུང་གོར་གཞི་ཚུགས་པའི་གཏམ་རྒྱུད་ཉན་པ་ཡིན།
རྒྱལ་ཁོངས་འཇར་མན་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་རིགས་གཅིག་མཁས་ཅན་ཕི་ཐེ·ཧེར་མན།
“ང་ཀྲུང་གོར་སློབ་ཁྲིད་བྱེད་པར་ཡོང་ནས་ཁྱབ་ཁོངས་གསར་པ་ཞིག་ཏུ་སླེབས་བྱུང”
2023ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་པའི་སྐོར་གླེང་སྐབས་ཡོ་རོབ་ཀྱི་ཚན་རིག་དང་སྒྱུ་རྩལ་ཁང་གི་ཡོན་ཧྲི་དང་། ཀྲུང་ནན་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ། ཀྲུང་ནན་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་སྒྲུབ་ཞིབ་འཇུག་པ་བཅས་ཡིན་པའི་ཕི་ཐེ·ཧེར་མན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ལས་ཀྲུང་གོས་རྒྱལ་སྤྱིའི་ཤེས་ལྡན་མི་སྣར་བརྩི་འཇོག་བྱེད་པ་དང་ཁོང་ཚོའི་རིག་གཞུང་དང་ཤེས་བྱར་ཁས་ལེན་བྱས་པ་མཚོན་གྱི་ཡོད་ཅེས་བརྗོད།
“ང་ཀྲུང་གོར་སློབ་ཁྲིད་བྱེད་པར་ཡོང་ནས་ཁྱབ་ཁོངས་གསར་པ་ཞིག་ཏུ་སླེབས་པ་དང་མཐོང་རྒྱ་གསར་པ་ཞིག་རྙེད་པའི་ཚོར་སྣང་བྱུང་། སློབ་ཁྲིད་བྱེད་སྐབས་ངས་སློབ་དེབ་ཁོ་ནར་བརྟེན་ནས་མ་བསྡད་པར་སློབ་ཁྲིད་བྱེད་ཞོར་དུ་སློབ་མ་ཚོར་རང་ཉིད་ཀྱི་བསམ་ཚུལ་ཤོད་དུ་འཇུག་གི་ཡོད”ཅེས་ཧེར་མན་གྱིས་བརྗོད། ཀྲུང་གོར་ལོ་མང་ལས་ཀ་བྱེད་རིང་ཧེར་མན་གྱིས་རང་ཉིད་ཀྱི་ལས་ཀར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
“ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དམངས་ཚོགས་དཀྱུས་མས་སྤྱི་ཚོགས་ཡར་ཐོན་དང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཐུབ་ཡོད”ཅེས་ཧེར་མན་གྱིས་བརྗོད། ཁོང་གིས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོ་འདི་ཉིད་དབུལ་པོའི་རྒྱལ་ཁབ་ཅིག་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་བ་དང་ཀྲུང་གོའི་དཔལ་འབྱོར་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་མོད། འོན་ཀྱང་ནུབ་ཕྱོགས་ཀྱི་སྲིད་ཚོང་བ་ཁག་གཅིག་གིས་ཀྲུང་གོའི་འཕེལ་རྒྱས་དེ་འཇིགས་སྐུལ་ལ་བརྩི་གི་ཡོད་ཅེས་བརྗོད།
འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་རེད། ཧེར་མན་གྱིས“མ་འོངས་པར་ངས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་སློབ་ཁྲིད་དང་ཞིབ་འཇུག་གི་གོ་སྐབས་དེ་བས་མང་བ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།