ཕྱི་འབྲེལ་པུས་བསྟན་དོན།
ཀྲུང་ཕའི་མཉམ་ལས་ལ་གཏོར་བཤིག་གཏོང་བའི་ལྐོག་གཡོའི་བྱེད་སྤྱོད་མཐའ་དག་གཏན་ནས་འགྲུབ་མི་སྲིད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཕ་ཁི་སི་ཐན་གྱི་ཁའེ་ཕུའུ་ཞིང་ཆེན་དུ་འཇིགས་སྐུལ་གྱི་འཇབ་རྒོལ་ཐོན་ནས་ཀྲུང་གོ་ཕྱོགས་ཀྱི་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་ཐད་ཚེས་27ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། མིག་སྔར་རྗེས་འཇུག་གི་བཀོད་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་ཀྲུང་ཕའི་མཉམ་ལས་ལ་གཏོར་བཤིག་གཏོང་བའི་ལྐོག་གཡོའི་བྱེད་སྤྱོད་མཐའ་དག་གཏན་ནས་འགྲུབ་མི་སྲིད་ཅེས་བརྗོད་པ་རེད།
“འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་དེར་ང་ཚོས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཟབ་མོ་ཞུ་རྒྱུ། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་དོན་རྐྱེན་ཐད་དྲང་ནན་གྱི་ལངས་ཕྱོགས་གསལ་སྟོན་བྱས་ཡོད”རྒྱལ་ཁབ་ཁག་གཅིག་གིས་ད་ཐེངས་ཀྱི་འཇིགས་སྐུལ་གྱི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ་དང་ཀྲུང་གོ་ཕྱོགས་ཀྱི་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་དང་སེམས་གསོ་འཚམས་འདྲི་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་ལ་དེའི་ཐད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ལིན་ཅན་གྱིས་བརྗོད་པ་རེད།
ཁོང་གིས་དོན་རྐྱེན་ཐོན་རྗེས་ཕྱི་འབྲེལ་པུའུ་དང་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འཕྲལ་དུ་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་ནས་འཕྲལ་སྡོམ་ཐག་གཅོད་ལས་དོན་མགྱོགས་མྱུར་སྤེལ་བ་དང་། པེ་ཅིང་དང་དབྱི་སི་ལམ་པོར་ཕ་ཁི་སི་ཐན་ཕྱོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཕ་ཁི་སི་ཐན་ཕྱོགས་ལ་གང་མགྱོགས་ལག་དམར་བ་བཟུང་བ་དང་ཆད་པ་ནན་པོ་གཅོད་པ་དེ་འདས་པོར་སེམས་གསོ་བྱེད་པ་དང་། བྱ་ཐབས་ནུས་ལྡན་དང་ཏན་ཏིག་སྤྱད་ནས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་གྱོད་གཞིར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཀྲུང་གོ་ཕྱོགས་ལ་ཞིབ་བཤེར་འཕེལ་རིམ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་རྒྱུ་དང་འབྲེལ་སྔར་བས་བྱ་ཐབས་སྤྱད་དེ་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་། རྣམ་གྲངས། སྒྲིག་གཞི་བཅས་ཀྱི་བདེ་སྲུང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཅེས་བརྗོད།
ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཡོངས་ཀྱི་སྤྱི་ཡི་དགྲ་བོ་ཡིན་པས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་སྟེ་ཡ་ང་བའི་གནས་ཚུལ་དེ་རིགས་སླར་ཡང་མི་ཐོན་པ་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པ་བསྐྱར་བསྒྲགས་བྱས་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་ཧུར་ཐག་བྱེད་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་། སྒྲིག་གཞི། རྣམ་གྲངས་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཀྲུང་ཕ་ཕྱོགས་གཉིས་པོར་འཇིགས་སྐུལ་པར་དགོས་ངེས་ཀྱི་རིན་དོད་འཇལ་དུ་འཇུག་པའི་ཆོད་སེམས་དང་ནུས་པ་ལྡན་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གོ་དང་ཕ་ཁི་སི་ཐན་ནི་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླ་ཞིག་ཡིན་པ་དང་མཛའ་གྲོགས་ཟབ་མོ་རྒྱལ་ཁབ་གཉིས་པོའི་མི་སེམས་ལ་ཟུག་ཡོད། ཀྲུང་ཕའི་མཉམ་ལས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མཐའ་དག་གཏན་ནས་འགྲུབ་མི་སྲིད”ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་ཕའི་ཁྱབ་ཁོངས་ཁག་གི་མཉམ་ལས་བློ་བརྟན་འགྱུར་མེད་ངང་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་ལིན་ཅན་གྱིས་བརྗོད་པ་རེད།