ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཕ་ཁི་སི་ཐན་གྱི་ཏ་སུའུ་ལ་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཐོན་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཕ་ཁི་སི་ཐན་གྱི་ཏ་སུའུ་ལ་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཐོན་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས། ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་དེར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
གསར་འགོད་པ་ཞིག་གིས། ཟླ་3ཚེས་26ཉིན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཁི་སི་ཐན་གྱི་ཁའེ་ཕུའུ་ཞིང་ཆེན་དུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཐོན་ནས་ཀྲུང་གོ་ཕྱོགས་ཀྱི་མི་སྣ་ཤི་རྨས་བྱུང་བ་རེད། ཕྱི་འབྲེལ་པུས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཕ་ཁི་སི་ཐན་གྱི་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་1ཙམ་ལ་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁའེ་ཕུའུ་ཞིང་ཆེན་ཏ་སུའུ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་རླངས་འཁོར་ལ་འཇིགས་སྐུལ་གྱི་འཇབ་རྒོལ་ཕོག་ནས་ཀྲུང་གོ་ཕྱོགས་ཀྱི་མི་5དང་ཕ་ཁི་སི་ཐན་ཕྱོགས་ཀྱི་མི་1རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་པ་རེད།
ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་ནས་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་དོན་རྐྱེན་གྱི་གནས་ཚུལ་ངོ་མ་མགྱོགས་མྱུར་རྩད་གཅོད་མཐར་ཕྱིན་པ་བྱས་ནས་ནུས་ཤུགས་ཡོད་རྒུས་ལག་དམར་བ་འཛིན་བཟུང་བྱེད་པ་དང་འབྲེལ་ཁྲིམས་ལ་སྦྱོར་དགོས་པ་དང་ཆབས་ཅིག བྱེད་ཐབས་ནུས་ལྡན་སྤྱད་དེ་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་། སྒྲིག་གཞི། རྣམ་གྲངས་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་དོན་རྐྱེན་དེའི་རྗེས་འཇུག་གི་བཀོད་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ལ་ས་གནས་དེ་གའི་བདེ་འཇགས་དུས་བབ་ལ་དོ་ཁུར་ཆེན་པོ་བྱས་ནས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་འཇགས་འགན་ལེན་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་འཇིགས་སྐུལ་གྱི་འཇབ་རྒོལ་ལ་ནུས་ཤུགས་ཡོད་རྒུས་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་ཅེས་བརྗོད་པ་རེད།
ཚེས་26ཉིན་གྱི་ཕྱི་དྲོ། ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པ་ཙི་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་མྱ་ངན་ཞུ་བར་ཕེབས་ནས་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མི་དང་ཀྲུང་གོ་སྲིད་གཞུང་ལ་སེམས་གསོ་འཚམས་འདྲི་ཞུས་པ་དང་། ད་རེས་ཀྱི་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་སྟེ་འཇིགས་སྐུལ་པས་ཕ་ཀྲུང་གི་མཛའ་གྲོགས་ལ་གཏོར་བཤིག་གཏོང་བའི་ལྐོག་གཡོ་ནམ་ཡང་འགྲུབ་མི་སྲིད་ཅེས་བརྗོད་པ་རེད། ད་དུང་ཉིན་དེར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲར་ཏ་ལི་དང་དེ་བཞིན་ཕྱི་འབྲེལ་པུའུ་ཀྲང་དང་ནང་སྲིད་པུའུ་ཀྲང་སོགས་སྲིད་དོན་མི་སྣ་གལ་ཆེན་མང་པོས་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་ནས་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཟབ་མོ་ཞུས་པ་རེད།
ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་མཉམ་ལས་རོགས་ཟླ་དང“བློས་འགེལ་ཆོག་པའི”གཅེན་གཅུང་ལྟ་བུ་ཞིག་ཡིན་པ་དང་། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་ཕའི་མཉམ་ལས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་གང་ཞིག་ཡིན་རུང་གཏན་ནས་འགྲུབ་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཕ་ཁི་སི་ཐན་ཕྱོགས་ཀྱི་བྱ་སྤྱོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་བས་བློ་བརྟན་འགྱུར་མེད་ངང་ཕ་ཁི་སི་ཐན་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་། རྣམ་གྲངས། སྒྲིག་གཞི་བཅས་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།